འབྲིང་རམས་པའི་ཡོན་གནས་འཛིན་གྲྭ་ངོ་སྤྲོད།

སྤེལ་དུས། 2016-09-01   

  འབྲིང་རམས་པའི་ཡོན་གནས་འཛིན་གྲྭའི་སློབ་ཡུན་ནི་ལོ་གཉིས་ཡིན་ཞིང་། 2004ལོ་ནས་སློབ་མ་བསྡུ་མགོ་བཙུགས་ད་ལྟའི་བར་ལ་ཁྱོན་བསྡོམས་སྐབས་བདུན་བསྡུས་ཡོད། བསྡུ་བྱའི་སློབ་མ་ནི་ཀྲུང་གོ་གུང་ཁྲང་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་ཞེན། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་དང་། ཁྲིམས་སྲོལ་བརྩི་སྲུང་། ཚུལ་མཐུན་ཁྲིམས་གཙང་བཅས་ཡིན་ཞིང 《ཚད་མ》《ཕར་ཕྱིན》《དབུ་མ》བཅས་ཀྱི་སློབ་གཉེར་མཐར་ཕྱིན་ཞིང་དེ་འབྲེལ་གྱི་རིག་གནས་ཆུ་ཚད་དང་རྩོམ་འབྲིའི་ནུས་པ་ཡོད་པ་ལ། ལོ་ཚད་ཉེར་ལྔ་ཡན་དང་སྐུ་གཟུགས་བདེ་ཐང་ཡིན་པའི་ཐོ་ཁུངས་ཡོད་པའི་གྲྭ་བཙུན་ཡིན་དགོས།
  འབྲིང་རམས་པའི་སློབ་ཚན་ནི་མཐོ་རམས་པ་དང་འདྲ་ཞིང་། ནང་དོན་ཐད་ལ་ཁྱད་པར་ཅུང་ཙམ་ཡོད་པ་སྟེ། ཆོས་ཕྱོགས་ནས་《དབུ་མ》དང《འདུལ་བ》གཙོ་བོར་སྦྱོང་བ་དང་། 《ཚད་མ》དང《ཕར་ཕྱིན》ཟུར་དུ་འཁྲིད་པ་ཡིན། ཁྲིམས་ལུགས་ཁྲིམས་སྲོལ་དང་སྤྱི་ཚོགས་རྒྱུན་ཤེས་ཐད་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》བཅས་དང་། གཞན་ཡང་ཆོས་ལུགས་དང་འབྲེལ་བའི་ཁྲིམས་ལུགས་ཁྲིམས་སྲོལ་དང་། རང་རྒྱལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་བའི་གནས་བབ་དང་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་སོགས་ཡིན། རིག་གནས་ཚན་རྩལ་གྱི་ཤེས་བྱའི་ཐད་ནས་རྒྱ་ཡིག་དང་རྩིས་འཁོར་བེད་སྤྱོད། བོད་ཀྱི་བྲིས་་དང་དཔྱད་རྩོམ་འབྲི་ཐབས་སོགས་སྦྱོང་བ་ཡིན།
  འབྲིང་རམས་པའི་ཡོན་གནས་འཐོབ་པའི་ཆ་རྐྱེན་ནི་འབྲིང་རམས་ཡོན་གནས་འཛིན་གྲྭའི་སློབ་མ་ལས་སློབ་སྦྱོང་གི་སྦྱངས་འབྲས་དང་ཕྱོགས་ཡོངས་ཀྱི་སྦྱངས་འབྲས་ལེགས་པ་དང་ཡོན་གནས་རྩོད་རྒྱུགས་དང་དཔྱད་རྩོམ་དམ་བཅའ་ཚད་ལོན་དགོས་པ་ཡིན་ལ། མི་གྲངས་ངེས་གཏན་མེད་ཅིང་སྦྱངས་འབྲས་ཚན་ལོན་ན་ཡོན་གནས་སྤྲོད་པ་ཡིན།
  སྤྱི་ལོ2013ལོའི་ཟླ་བཅུ་བར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་བོད་བརྒྱུད་ནང་བསྟན་གྱི་འབྲིང་རམས་པའི་ཡོན་གནས་སྤྲོད་པའི་མཛད་སྒོ་ཐོག་མ་བསྡུས་ཤིང་། དེ་སྔོན་མཐར་ཕྱིན་པའི་སློབ་མ་སྐབས་ལྔ་ལ་མཉམ་དུ་ཡིག་ཚད་བཏངས་ཤིང་ཡོན་གནས་སྤྲོད་པའི་མཛད་སྒོ་བསྡུས་པ་རེད།