བོད་བརྒྱུད་ནང་བསྟན་མཐོ་རམས་པའི་ཡོན་གནས་གྱི་ལམ་ལུགས།

སྤེལ་དུས། 2016-09-01   

  བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་ལམ་ལུགས་ལས་མཐོ་རམས་པ་ནི་མཐོ་རིམ་རབ་འབྱམས་པ་ཞེས་པའི་ཚིག་བསྡུས་པ་ཡིན་ལ། རབ་འབྱམས་པ་ཞེས་པ་ནི་གཞུང་ལུགས་མཐའ་དག་ལ་སྦྱངས་པ་མཐར་སོན་ནས་ཁུང་དུ་ཆུད་པའི་མཁས་པའི་དོན་ཡིན་པས། མཐོ་རིམ་རབ་འབྱམས་པ་ཞེས་པ་ནི་གཞུང་ལུགས་མཐའ་དག་ལ་སྦྱངས་པ་མཐར་སོན་པའི་མཁས་པའི་ཡང་རྩེ་རུ་ངོས་འཛིན་ཆོག བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་སྲོལ་རྒྱུན་གྱི་སློབ་སྦྱོང་ལམ་ལུགས་རྨང་གཞིར་བྱས་ཤིང་། དེང་རབས་ཀྱི་སློབ་གསོའི་ཐབས་ལམ་ནང་དུ་དྲངས་ཤིང་སྔར་མེད་པའི་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་པའི་ལམ་ལུགས་གསར་དུ་བསྐྲུན་པ་ཞིག་ཡིན།
  ལམ་ལུགས་འདི་ཡིས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་གྲུབ་མཐའ་ཁག་གི་སློབ་སྦྱོང་དང་སློབ་རིམ་འཕར་བའི་ལམ་ལུགས་ཀྱི་སྲོལ་རྒྱུན་ལ་བརྩི་བཀུར་དང་རྒྱུད་འཛིན་བྱས་ཤིང་། སློབ་སྦྱོང་གི་ནང་དོན་དང་སློབ་སྦྱོང་གི་ཐབས་ལམ། རྒྱུགས་སྤྲོད་ཀྱི་རྣམ་པ་སོགས་ཀྱི་ཐད་ནས་བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཁག་གི་བླ་སྤྲུལ་སྐྱེས་ཆེན་མང་པོས་བསྟོད་བསྔགས་དང་དད་པ་དང་ལྡན་པའི་མང་ཚོགས་ཀྱི་བརྩི་བཀུར་ཐོབ་ཡོད་ལ། བོད་བརྒྱུད་ནང་བསྟན་གྱི་སྡེ་རུ་ཚད་ཤིང་ཞིག་སྐྲུན་པར་རྨང་གཞི་བཏིངས་ཡོད། གྲུབ་མཐའ་ཁག་གི་བླ་སྤྲུལ་སྐྱེས་ཆེན་ཚོས་འདི་ཉིད་གཅིག་ནས་གྲྭ་བཙུན་ཁག་གིས་གཞུང་ལུགས་སློབ་གཉེར་བྱས་ཤིང་ཡོན་གནས་ལེན་པ་དང་ཀུན་གྱིས་མོས་གུས་གྱི་ཡུལ་དུ་འགྱུར་བའི་སྲོལ་རྒྱུན་དང་མཐུན་ཞིང་། གཉིས་ནས་དེང་རབས་ཀྱི་དུས་དང་མཐུན་པའི་གསར་བཏོད་བྱས་ཤིང་དུས་རབས་ཀྱི་ཁྱད་ཆོས་དང་མཐུན་ལ། བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཀུན་གྱི་གྲྭ་བཙུན་གྱི་སློབ་གཉེར་དང་ཡར་ཐོན་ཡོང་བར་བྱས་ཡོད་པས་དོན་སྙིང་ཆེས་ཆེར་ལྡན་པའི་ལས་དོན་ཞིག་རེད་ཅེས་གདེང་འཇོག་གནང་ཡོད།
  ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་པེ་ཅིང་གི་དགོན་སེར་ནུབ་མ་རུ་སྐབས་བརྒྱད་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་སྤྲོད་པའི་མཛད་སྒོ་བསྡུས་ཡོད་ཅིང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གླིང་གཙོ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་དགེ་ལུགས་དང་ས་སྐྱའི་ཆོས་བརྒྱུད་ཀྱི་བསླབས་འབྲས་ཕུལ་དུ་བྱུང་བའི་གྲྭ་བཙུན་བཅུ་གཅིག་ལ་མཐོ་རིམ་རབ་འབྱམས་པའི་དཔང་ཡིག་གནང་ཡོད་ཅིང་། ཀྲུང་གོའི་བོད་ལྗོངས་དྲ་བས་འདིའི་མགོ་མཇུག་ཡོངས་ལ་བཅར་འདྲི་བྱས་ཡོད།
  དང་པོ། མཐོ་རམས་པའི་ཡོན་གནས་སྤྲོད་པའི་མཛད་སྒོ་སྔ་ཕྱི།
  1 མཐོ་རམས་པའི་ཡོན་གནས་སྤྲོད་པའི་མཛད་སྒོ་སྐབས་དང་པོ།
  2004ལོའི་ཟླ་བརྒྱད་པར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དཔྱད་ཞིབ་ཨུ་ཡོན་ལྷན་ཚོགས་པེ་ཅིང་ནས་དབུ་བརྙེས་ཤིང་། ལོ་དེའི་ཟླ་དགུ་བར་མཐོ་རམས་པའི་ཡོན་གནས་འཛིན་གྲྭར་སློབ་མ་བཅུ་གཅིག་ཞུགས་ཡོད། 2004ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རམས་པའི་འཛིན་གྲྭ་དང་ཡོན་གནས་འཛིན་གྲྭ་དབུ་འཛུགས་པའི་མཛད་སྒོ་པེ་ཅིང་ནས་བསྡུས་ཤིང་། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཀྱི་བོད་བརྒྱུད་ནང་བསྟན་ས་ཆ་ནས་ཕེབས་པའི་གྲྭ་བཙུན་སོ་དྲུག(མཐོ་རིམ་ཡོན་གནས་འཛིན་གྲྭ་ལ་མི་བཅུ་གཅིག ཡོན་གནས་འཛིན་གྲྭ་ལ་མི་ཉེར་ལྔ།)སློབ་སྦྱོང་ལ་ཞུགས་ཡོད། སྐབས་དང་པོའི་མཐོ་རིམ་ཡོན་གནས་འཛིན་གྲྭ་ལ་ཞུགས་པའི་གྲྭ་བཙུན་བཅུ་གཅིག་ནི་སེ་ར་དགོན་པའི་བཀྲ་ཤིས་རྒྱལ་མཚན་དང་། བྱམས་པ་གླིང་གི་བསྟན་འཛིན། འབྲས་སྤུངས་ཀྱི་བློ་བཟང་དམ་ཆོས། བཀྲ་ཤིས་ལྷུན་པོའི་བློ་བཟང་ཕུན་ཚོགས། སྒོ་མང་གི་བློ་བཟང་རབ་བརྟན། ཀིརྟི་དགོན་གྱི་བློ་བཟང་སྦྱིན་པ། དཀར་མཛེས་དགོན་གྱི་བཀྲ་ཤིས་རྡོ་རྗེ། སྐུ་འབུམ་གྱི་རྒྱལ་མཚན་མགོན་པོ། བིས་མདོ་དགོན་གྱི་ངག་དབང་མཆོག་གྲུབ། བླ་བྲང་གི་དཀོན་མཆོག་སྦྱིན་པ། འཇམ་དབྱངས་སྦྱིན་པ་བཅས་ཡིན། འདི་དག་ལ་སྤྱི་ལོ2005ལོའི་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་ཡོན་གནས་སྤྲོད་པའི་མཛད་སྒོ་སྤེལ།
  2མཐོ་རམས་པའི་ཡོན་གནས་སྤྲོད་པའི་མཛད་སྒོ་སྐབས་གཉིས་པ་ནས་བདུན་པའི་བར།
  མཐོ་རམས་པའི་ཡོན་གནས་འཛིན་གྲྭ་སྐབས་གཉིས་པ་ནི2005ལོའི་ཟླ་དགུ་བར་སློབ་མགོ་བཙུགས་པ་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པ་དང་ས་སྐྱ་བའི་གྲྭ་བཙུན་ཕུལ་བྱུང་བཅུ་གཅིག་བསྡུས་ཡོད། འདི་དག་གིས་ལོ་གཅིག་ལ་སློབ་སྦྱོང་དང་གསོ་སྐྱོང་གོ་རིམ་ལྡན་པ་མྱངས་རྗེས། 2006ལོའི་ཟླ་དགུ་བར་བོད་ལྗོངས་ཀྱི་བཀྲ་ཤིས་ལྷུན་པོ་དང་ས་སྐྱ་དགོན་པ་གཉིས་ནས་མཐར་ཕྱིན་གྱི་ཡིག་ཚད་བཏང་བ་དང་། གྲྭ་བཙུན་བཅུ་གཅིག་པོས་ཡོན་གནས་ཡིག་ཚད་ལ་ཞུགས་ཆོག་པའི་ཚད་ཐིག་ཡོངས་ཡོད། སྤྱི་ལོ2006ལོའི་ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་པེ་ཅིང་གི་དགོན་སེར་ནུབ་མ་ནས་ཡོན་གནས་སྤྲོད་པའི་མཛད་སྒོ་སྤེལ་ཡོད།
  སྤྱི་ལོ2007ལོའི་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་ཡོན་གནས་སྤྲོད་པའི་མཛད་སྒོ་སྐབས་གསུམ་པ་དགོན་སེར་ནུབ་མའི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བསྡུས་ཤིང་། སྦྱངས་འབྲས་ཕུལ་དུ་བྱུང་བའི་གྲྭ་བཙུན་བཅུ་གཅིག་ལ་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་སྤྲད། སྤྱི་ལོ2008ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན་ཡོན་གནས་སྤྲོད་པའི་མཛད་སྒོ་སྐབས་བཞི་བ་དགོན་སེར་ནུབ་མའི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བསྡུས་ཤིང་། སྦྱངས་འབྲས་ཕུལ་དུ་བྱུང་བའི་གྲྭ་བཙུན་བཅུ་གཅིག་ལ་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་སྤྲད། སྤྱི་ལོ2009ལོའི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་ཡོན་གནས་སྤྲོད་པའི་མཛད་སྒོ་སྐབས་ལྔ་བ་བསྡུས། སྤྱི་ལོ2010ལོའི་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་ཡོན་གནས་སྤྲོད་པའི་མཛད་སྒོ་སྐབས་དྲུག་པ་བསྡུས། སྤྱི་ལོ2011ལོའི་ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་ཡོན་གནས་སྤྲོད་པའི་མཛད་སྒོ་སྐབས་བདུན་པ་བསྡུས། འདི་ལྟར་ད་ལོ་ནི་སྐབས་བརྒྱད་པ་ལ་འཁེལ་ཡོད།
  གཉིས་པ། མཐོ་རམས་པའི་ཡིག་ཚད།
  1མཐོ་རམས་པའི་ཡིག་ཚད་ནང་དོན།
  རྩོད་རྒྱུགས་ཀྱི་ནང་དོན་ནི་གཙོ་བོ་གཞུང་ཆེན་བཀའ་པོད་ལྔ་སྟེ། 《ཚད་མ》《ཕར་ཕྱིན》《དབུ་མ》《མཛོད》《འདུལ་བ》བཅས་ཡིན་ཞིང་། དམ་བཅའ་སྔ་ཕྱི་རྒོལ་གཉིས་ཀྱི་སྒོ་ནས་རྩོད་སྲོལ་ཡོད།
  མཐོ་རམས་པའི་ཡིག་ཚད་འགྲོ་རིམ།
  བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་སྦྱངས་འབྲས་ཕུལ་དུ་བྱུང་བ་ཞིག་ཡིན་ན་ཐོག་མར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ལ་འཛུལ་ཞུགས་ཆོག་མཆན་ལོན་དགོས་ཤིང་། དེ་ནས་ལོ་གཅིག་ལ་སློབ་སྦྱོང་བྱས་རྗེས་མཐར་ཕྱིན་ཡིག་ཚད་ལ་ཞུགས་ཤིང་ཡོན་གནས་ལེན་པ་ཡིན། མཐར་ཕྱིན་ཡིག་ཚད་ནི་འཆད་རྩོད་རྩོམ་གསུམ་བཅས་རྣམ་པ་གསུམ་གྱི་སྒོ་ནས་གཞལ་སྲོལ་ཡོད།
  རྩོད་རྒྱུགས་ནི་སྔར་སྲོལ་ཤས་ཆེ་ཞིང་། རྒྱུགས་ཤོག་དང་དཔྱད་བསྡུར་ཚང་མ་བླ་སྤྲུལ་དགེ་བའི་བཤེས་གཉེན་དུ་མས་འབྱེད་པ་ཡིན། རྩོད་རྒྱུགས་ནི་ངག་རྒྱུགས་ཡིན་ལ། རྒྱུགས་ར་དགོན་སེར་ནུབ་མའི་མདུན་ར་ཡི་ཤར་ནུབ་གཉིས་ཀྱི་ཐོག་ཁང་དུ་ཡོད། རྒྱུགས་ར་ནི་བོད་བརྒྱུད་ནང་བསྟན་གྱིས་སྔར་སྲོལ་ལྟར། དགེ་འདུན་པ་ཡོངས་རྫོགས་གྲལ་ལ་འཁོད་ཅིང་། དཔྱད་བསྡུར་དགེ་རྒན་ལྔ་གོང་དུ་བཞུགས་པ་དང་། དེ་དག་གི་མདུན་དུ་ཅོག་ཙེ་སོགས་བསྒྲིགས་ཡོད་ལ། དགེ་རྒན་དག་གི་རྒྱབ་ཀྱི་གྱང་ངོས་སུ་ཐང་ཀ་དང་སྐུ་སོགས་བཤམས་ཤིང་མདུན་དུ་མཆོད་པ་ལེགས་པར་བཤམས་ཡོད། རྒྱུགས་ར་འདི་ལ་ད་དུང་ལྟད་མོ་དང་སློབ་སྦྱོང་ལ་ཕེབས་པའི་དགེ་འདུན་པ་མང་པོ་ཡོད་ལ། ཡིག་ཚད་ལ་ཞུགས་མཁན་གྱིས་དགེ་རྒན་དང་འཛིན་གྲྭ་མཐུན་པའི་སློབ་གྲོགས་སློབ་སྦྱོང་ལ་ཡོང་བའི་དགེ་འདུན་པ་བྱིངས་སོགས་ཀྱིས་བསྐོར་བའི་དབུས་སུ་རྒྱུགས་ལེན་ལེགས་པར་འདེབས་པ་ཡིན།
  རྩོམ་པའི་དམ་བཅའ་ནི་དེང་རབས་སློབ་ཆེན་གྱི་དཔྱད་རྩོམ་དམ་བཅའ་ཡི་རྣམ་པ་སྤྱད་ནས། སློབ་མ་རང་གིས་གཞུང་བཀའ་པོད་ལྔ་ལས་བརྗོད་བྱ་གང་རུང་ཞིག་བདམས་ཤིང་དེའི་སྐོར་ལ་ཡོན་གནས་དཔྱད་རྩོམ་འབྲི་བ་དང་དྲིས་ལན་འདེབས་པ་ཡིན། མཐའ་རིམ་ཡོན་གནས་ཀྱི་དཔྱད་བསྡུར་ཨུ་ཡོན་ལྷན་ཚོགས་ཀྱིས་སློབ་མའི་རྩོད་རྒྱུགས་དང་། འཆད་རྒྱུགས། རྩོམ་རྒྱུགས་སོགས་ཀྱི་རྒྱུགས་འབྲས་ལ་མིང་སྦས་པའི་འདེམ་ཤོག་འཕངས་ཤིང་། སློབ་མ་རེ་རེ་བཞིན་ཐག་བཅད་ནས་ཚད་ལོན་པ་ལ་མཐོ་རམས་པའི་ཡོན་གནས་སྤྲོད་པ་ཡིན།
  གསུམ་པ། བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་ལམ་ལུགས་ཀྱི་ཁྱད་ཆོས།
  བོད་བརྒྱུད་ནང་བསྟན་མཐོ་རམས་པའི་ཡོན་གནས་ལམ་ལུགས་བཙུགས་པ་སོགས་ཀྱི་བྱེད་ཐབས་འདི་དག་ནི་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་མ་ལག་དང་དེང་རབས་ཅན་གྱི་ཀྲུང་གོ་གསར་བ་བཅས་ཕན་ཚུན་འཚམ་པར་བྱེད་པའི་ལས་དོན་ཞིག་ཡིན་ལ། སྐབས་བརྒྱད་ཀྱི་ལག་ལེན་དང་བོད་བརྒྱུད་ནང་བསྟན་གྱི་སྡེ་ཡིས་གོང་བསྐུར་དང་མཉམ་ཞུགས་བྱས་པ་ལས་འདི་ཉིད་ལེགས་པར་འགྲུབ་ཡོད་པ་མངོན་པར་གསལ་ཡོད།
  1འདི་ནི་བོད་བརྒྱུད་ནང་བསྟན་གྱི་སློབ་གསོ་དགོན་སྡེའི་སློབ་གསོ་ནས་དེང་རབས་ཀྱི་སློབ་གླིང་གི་སློབ་གསོ་ལ་འཕེལ་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཞིག་ཡིན། དགོན་སྡེའི་སློབ་གསོ་ལས་རྩོད་རྒྱུགས་ནི་མདོ་དང་བསྟན་བཅོས་ལ་སློབ་གཉེར་དང་། ཡིག་ཚད་སྦྱངས་འབྲས། སློབ་རིམ་འཕར་བ་སོགས་ཚང་མར་སྤྱོད་པའི་ཐབས་ཤིག་ཡིན་ཞིང་། དགེ་རྒན་གྱིས་རྩོད་པའི་རྣམ་པ་སྤྱད་ནས་སློབ་མར་དཔེ་ཁྲིད་བྱེད་པ་དང་། སློབ་མས་ཀྱང་ཉིན་རེ་རེ་བཞིན་སློབ་གྲོགས་དག་དང་མཉམ་དུ་རྩོད་པའི་སྒོ་ནས་སློབ་གཉེར་བྱེད་པ་རེད། བོད་བརྒྱུད་ནང་བསྟན་མཐོ་རམས་པའི་ཡོན་གནས་ལམ་ལུགས་སུ་འདི་ལྟ་བུའི་དགོན་སྡེའི་སློབ་གསོ་རྒྱུད་འཛིན་དང་དར་སྤེལ་བྱས་ཡོད་ཅིང་། འདི་ལ་དེང་རབས་ཀྱི་སློབ་གསོའི་རྩ་འཛུགས་དང་། སློབ་གསོའི་ཐབས་ལམ། སློབ་གསོ་དོ་དམ་སོགས་སྦྲེལ་ཡོད། སློབ་མ་བསྡུ་བའི་སྐབས་སུ་དགོན་སྡེའི་ཐབས་བཞིན་གང་འདོད་དུ་སློབ་མ་བསྡུས་པར་གཙོ་བོ་དད་པ་བརྟན་ཞིང་དམ་ཚིག་གཙང་བ། ཆོས་ཀྱི་ཤེས་བྱ་གང་མཚམས་ཡོད་པ། གསོ་སྐྱོང་གི་མདུན་ལམ་དང་ལྡན་པའི་སྤྲུལ་སྐུ་དང་གྲྭ་བཙུན་གཙོ་བོ་བྱས་ནས་བསྡུ་བཞིན་ཡོད། གྲྭ་བཙུན་འདི་དག་གིས་སྔོན་ལ་དགོན་སྡེའི་སློབ་གསོ་ལེགས་པར་མྱངས་ཤིང་། དེ་ནས་རྩ་འཛུགས་ནན་ཞིང་ལམ་ལུགས་དམ་པའི་སློབ་གསོ་མྱོང་བ་རེད།
  2དེང་རབས་ཅན་གྱི་སློབ་གསོའི་གྲུབ་འབྲས་གང་ལེགས་ཀྱིས་བེད་སྤྱད་ཡོད་དེ། མཐོ་རིམ་ནང་བསྟན་སློབ་གླིང་དུ་དེང་རབས་ཅན་གྱི་ཐབས་ལམ་སྤྱད་ནས་སློབ་ཁྲིད་དང་ཟུར་ཁྲིད་བྱེད་བཞིན་ཡོད། ཁོ་ཚོས་གློག་རྡུལ་གྱི་སློབ་གསོ་བརྒྱུད་ནས་དགོན་སྡེའི་སློབ་སྦྱོང་གི་སྣ་རྐྱང་རང་བཞིན་ལ་གཡོལ་ཐབས་བྱས་ཡོད་ཅིང་། སློབ་མ་ཚོས་སློབ་ཁྲིད་ཀྱི་ནང་དོན་ཡང་དག་པར་དང་ལེན་ཐུབ་པ་མ་ཟད་མ་ལག་རང་བཞིན་དང་ལྡན་ཞིང་དུས་རབས་དང་ཟུང་དུ་སྦྲེལ་བའི་ཤེས་ཡོན་འཐོབ་ཐུབ། ཁྲིད་ཚད་བཀོད་སྒྲིག་ཐད་ནས་སྲོལ་རྒྱུན་གྱི་སློབ་ཚན་བཀོད་སྒྲིག་བྱས་པའི་མ་ཟད། སྤྱི་ཚོགས་ཚན་རིག་དང་རིག་གནས། རྩིས་འཁོར་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ནས་མི་སྣའི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་འདེགས་པ་གནད་དུ་བཟུང་ཡོད།
  3ཁྱབ་རྒྱ་ཆེ་ཞིང་ཚད་ཤིང་དུ་གྱུར་བ་སྟེ། སྔར་གྱི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་ལམ་ལུགས་ནི་དགེ་ལུགས་པ་གཅིག་པུར་ཡོད་པ་དང་བསྡུར་ན་མཐོ་རིམ་ཡོན་གནས་ལམ་ལུགས་གསར་བས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཚང་མ་བསྡུས་ཡོད་པས། གྲུབ་མཐའ་ཁག་གིས་རང་རང་གི་གཞུང་ལུགས་ནང་དོན་ལྟར་མཐོ་རིམ་ཡོན་གནས་ལ་རེ་ཞུ་ཆོག་པ་དང་། དུས་མཚུངས་སུ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གྲྭ་ནི་བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཁག་གི་སློབ་གླིང་རིམ་པ་མཐོ་ཤོས་ཡིན་པས། བོད་བརྒྱུད་ནང་བསྟན་གྱི་སློབ་གསོའི་ལག་ལེན་ཁྲོད་སྣེ་ཁྲིད་ཀྱི་གོ་གནས་སུ་ཡོད། བོད་བརྒྱུད་ནང་བསྟན་གྱི་སྡེ་ཡི་མཚན་སྙན་གྲགས་ཆེས་ཆེ་བའི་བླ་སྤྲུལ་དང་དགེ་བཤེས་ཚོས་ཡོན་གནས་སྤྲོད་པའི་མགོ་ཁྲིད་ཀྱི་ལས་ཀ་གཉེར་བས་བོད་བརྒྱུད་ནང་བསྟན་གྱི་སྡེ་དང་དད་པ་དང་ལྡན་པའི་མང་ཚོགས་ཀྱི་གོང་བཀུར་ཐོབ་ཡོད། བོད་ཡུལ་ས་ཆ་ཁག་གི་བླ་སྤྲུལ་དགེ་བའི་བཤེས་གཉེན་དག་གིས་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལས་དོན་ཀྱི་མཛུབ་སྟོན་ཨུ་ཡོན་ལྷན་ཚོགས་བཙུགས་ཡོད་པས་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་དཔྱད་བསྡུར་ཨུ་ཡོན་ལྷན་ཚོགས་ལ་ཚབ་མཚོན་རང་བཞིན་དང་ཚད་ཤིང་གི་རང་བཞིན་ལྡན་ཡོད།