མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་མ་ཁག་ཅིག་ཡན་ཅི་ལྷ་རིག་སློབ་གླིང་ལ་ལྟ་སྐོར་སློབ་སྦྱོང་དུ་ཕེབས་པ།

སྤེལ་དུས། 2017-01-23   

          ཟླ10པའི་ཚེས26ཉིན། སློབ་གཙོ་འཇམ་དབྱངས་ཀྱིས་སྣེ་ཁྲིད་དེ་ཆོས་ལུགས་ཁག་མི་སྣའི་སློབ་སྦྱོང་ཚོགས་པ་འཁོར་དང་བཅས་པའི་མི16ཡན་ཅི་ལྷ་རིག་སློབ་གླིང་ལ་ལྟ་སྐོར་སློབ་སྦྱོང་དུ་ཕེབས་པ་དང་། སློབ་གླིང་དེའི་སློབ་གཙོ་ཀའོ་དབྱིན་སོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་མཛད།
སློབ་གཙོ་ཀའོ་དབྱིན་གྱིས་སློབ་སྦྱོང་ཚོགས་པར་ཕེབས་རོགས་མཛད་དེ་ལྷ་རིག་སློབ་གླིང་གི་འདུ་ཁང་དང་དཔེ་མཛོད་ཁང་། སློབ་གླིང་གི་ལོ་རྒྱུས་ཁང་སོགས་ལ་ལྟ་སྐོར་གནང་བ་མ་ཟད། བཞུགས་མོལ་བརྗེ་རེས་གནང་།

          སློབ་གཙོ་འཇམ་དབྱངས་ཀྱིས་མཐོ་རིམ་ནང་བསྟན་སློབ་གླིང་གི་ཤེས་ཡོན་ཐོབ་ཐང་ལམ་ལུགས་དང་སློབ་མ་སྡུད་པའི་གནས་ཚུལ་སོགས་མཚམས་སྦྱོར་གནང་། ཁོང་གིས་ཐེངས་འདིར་ཡན་ཅི་ལྷ་རིག་སློབ་གླིང་དུ་ལྟ་སྐོར་བྱས་ཡུན་ཐུང་ནའང་མྱོང་ཚོར་ཟབ་མོ་ཐོབ་པ་དང་། ལྷ་རིག་སློབ་གླིང་གིས་སློབ་ཁྲིད་དོ་དམ་དང་སློབ་ཁྲིད་ནང་དོན། དཔེ་དེབ་དོ་དམ་སོགས་ཀྱི་ཕྱོགས་ནས་ཉམས་མྱོང་མང་པོ་བསགས་པ་དང་སྒྲུབ་སྟངས་བཟང་བས། མཐོ་རིམ་ནང་བསྟན་སློབ་གླིང་གིས་མིག་དཔེར་འཛིན་འོས། དེང་ཕྱིན་འབྲེལ་གཏུགས་རྒྱ་ཆེར་བྱས་ཏེ། བརྗེ་རེས་ལ་སྐུལ་འདེད་བཏང་ན་ནི། ཆོས་ལུགས་འགྲིག་མཐུན་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཞེས་གསུང་།

          མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་མས་ཡན་ཅི་ལྷ་རིག་སློབ་གླིང་གིས་ལྷ་རིག་པའི་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་སྤྱི་ཚོགས་ཀྱི་ལག་ལེན་ཟུང་དུ་སྦྲེལ་བའི་ཕྱོགས་ནས་གསེར་ལས་དཀོན་པའི་ཉམས་མྱོང་མང་པོ་བླངས་ཡོད་པས། ང་ཚོ་བོད་བརྒྱུད་ནང་བསྟན་ཁག་གིས་སློབ་སྦྱོང་དང་མིག་དཔེར་འཛིན་འོས་ཞེས་བཤད།