ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རམས་པ་སྐོར་ཞིག་ཞང་ཀང་དུ་ཆོས་རྩོད་སྤེལ་རེས་ལ་མངཊ།

སྤེལ་དུས། 2017-01-22   

          འདི་ལོའི་ཕྱི་ཕྱོགས་འཚམས་འདྲིའི་ལས་དོན་གྱི་བཀོད་སྒྲིག་ལྟར། ངེད་སློབ་གླིང་གིས2016 ལོའི་ཟླ11 ཚེས6 ཉིན་ནས་ཚེས10 ཉིན་བར་དུ“མཐོ་རམས་པའི”སློབ་གཉེར་བ་ཐོག་དང་པོར་ཞང་ཀང་དུ་དུས་ཡུན་ཉིན 5 རིང་གི་ཆོས་རྩོད་མངོན་སྒྲོག་འཚམས་འདྲིར་མངགས་པ་རེད། འདི་ནི“མཐོ་རམས་པའི”སློབ་གཉེར་བ་ཞང་ཀང་དུ་ཆོས་རྩོད་འཚམས་འདྲིར་བསྐྱོད་ཐེངས་ཐོག་མ་དེ་ཡིན་ཞིང་། ཕྱོགས་སོ་སོ་ནས་དོ་སྣང་ཆེན་པོ་བྱས་པ་དང་། སྤེལ་རེས་འཚམས་འདྲིའི་བྱེད་སྒོར་སྒོ་ཀུན་ནས་གྲུབ་འབྲས་ཆེན་པོ་ཐོབ་པ་རེད།
ཧྥེང་ཧོང་བརྙན་འཕྲིན་ཁང་གི་གསར་འགྱུར་ཐད་གཏོང་ལྟེ་གནས་སུ་གཟིགས་སྐོར་ལ་ཕེབས་པ། 
          སྤེལ་རེས་ཚོགས་པར་ཁྱོན་ཁོངས་མི་བརྒྱད་ཡོད་ཅིང་། རྒྱུན་ལས་གླིང་གཙོ་གཞོན་པ་ཝང་ཁྲང་ཡུས་ནས་ཚོགས་གཙོའི་ཐུགས་འགན་བཞེས་པ་དང་། ཁོངས་མིའི་གྲས་སུ་དགེ་ལུགས་པའི་ཆེད་བསྐོས་ཡོངས་འཛིན་བློ་བཟང་ཐེག་མཆོག་དང་། མཐོ་རིམ་མཚན་གནས་འཛིན་གྲྭའི་དགེ་ལུགས་པའི་སློབ་གཉེར་བ་གཙང་པ་དཀོན་མཆོག་དང་། མང་ཐོས། བསོད་ནམས། བྱམས་པ་དགེ་འདུན། བློ་བཟང་སྐལ་ལྡན་དང་སློབ་གླིང་གི་ཞུས་ཆེན་ལོ་ཙཱ་བ་གཞོན་པ་གངས་ཅན་ཚེ་རིང་སོགས་ཡོད་པ་རེད། ཞང་ཀང་དུ་འཚམས་འདྲིར་ཕེབས་རིང་། སྤེལ་རེས་ཚོགས་པས་སྔ་ཕྱིར་ཞང་ཀང་སློབ་ཆེན་ནང་རིག་ཞིབ་འཇུག་ལྟེ་གནས། པདྨ་ཏིང་འཛིན་དགོན་པ། ཧྥེང་ཧོང་བརྙན་འཕྲིན་ལས་ཁུངས་སུ་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཆོས་རྩོད་མངོན་སྒྲོག་བྱས་པ་དང་།ཞང་ཀང་མཛའ་འབྲེལ་མཐུན་ཚོགས་དང་། ཞང་ཀང་མྱེང་ཙེ་སློབ་གླིང་། ཞང་ཀང་ནང་ཆོས་མཉམ་འབྲེལ་ཚོགས་པ་བཅས་སུ་འཚམས་འདྲི་དང་འབྲེལ་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
སྤེལ་རེས་ཚོགས་པའི་ཁོངས་མི་རྣམས་ལྷན་དུ་ཙེ་ཅིང་ཐང་ཆེན་དུ་དྲན་རྟེན་ལྷན་པར་སྒྲོན་པ།
          སྤེལ་རེས་ཚོགས་པས་ཞང་ཀང་སློབ་ཆེན་གྱི་ནང་རིག་ཞིབ་འཇུག་ལྟེ་གནས་སུ་བོད་བརྒྱུད་ནང་བསྟན་གྱི་གཞུང་བཀའ་པོད་ལྔ་ལས། 《ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ》དང་། 《དབུ་མའི》ནང་གི་འབྲེལ་ཡོད་ནང་དོན་རྩོད་གཞིར་བཟུང་སྟེ། དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་གི་ངོ་མཚར་ཆེ་བའི་ཆོས་རྩོད་དགའ་སྟོན་སྤེལ་ཞིང་། ཆོས་རྩོད་ལ་གཟིགས་རྟོག་ཏུ་ཡོང་བའི་ཞང་ཀང་སློབ་ཆེན་གྱི་དགེ་སློབ་ཧ་ལམ 80 ལྷག་བྱོན་ཡོད་པ་དང་། ཡུལ་དངོས་སུ་དྲིལ་སྒྲོག་དེབ་ཆུང50 ལྷག་བཀྲམ་པ་རེད། ཆོད་རྩོད་གཟིགས་མོ་གྲུབ་རྗེས། ཞང་ཀང་སློབ་ཆེན་གྱི་ནང་རིག་ཞིབ་འཇུག་ལྟེ་གནས་ཀྱི་སློབ་དཔོན་ཧྲེ་ཡཱན་ཁུང་ཚུད་པའི་དགེ་སློབ 12 ནས་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ཆོས་ལ་སློབ་གཉེར་དང་། རྩོད་གླེང་བྱེད་ཐབས། སྐྱེ་བ་སྔ་ཕྱི། བྱམས་དང་སྙིང་རྗེའི་སེམས་ཀྱི་གནད་དོན་སྐོར་ལ་དྲི་ཚིག་འཕེན་པ་དང་། ཡོངས་འཛིན་བློ་བཟང་ཐེག་མཆོག་དང་སློབ་གཉེར་བ་ནས་དེ་འབྲེལ་རེ་རེ་བཞིན་ལན་བཏབ་སྟེ། ཚོགས་རའི་རྣམ་པ་འཁྲུག་ཆ་དོད་ལ་བགྲོ་གླེང་ཚགས་སུ་ཚུད་དོ། །
སྤེལ་རེས་ཚོགས་པའི་ཡོངས་འཛིན་དང་སློབ་གཉེར་བ་ཚོས་ཝི་ཐོ་རི་ཡཱ་གྲུ་ཁར་དྲན་རྟེན་སྐུ་པར་བསྐྱོན་པ།
          པདྨ་ཏིང་འཛིན་དགོན་པར་ཤཱཀྱ་མུ་ནེའི་སྐུ་འདྲ་དང་། སངས་རྒྱས་སྟོང་སྐུའི་འདུ་ཁང་ལ་ཆོས་མཇལ་ཞུས་ཤིང་། གནས་མཇལ་བ་ཚོས་མཚམས་མཚམས་སུ་ང་ཚོར་བལྟས་ཏེ། སྤྲོ་འཛུམ་སྟོན་པ་དང་། མཐེ་བོང་འགྲེང་སྟེ། མཛའ་བརྩེ་ཟབ་མོ་མཚོན་པར་བྱེད། སློབ་གཉེར་བ་ཚོས་སེམས་རྩ་ཤིན་ཏུ་འཁོལ་བའི་ངང་ནས་གཞུང་བཀའ་པོད་ལྔ་ལས《ཕར་ཕྱིན》དང་། 《མངོན་པའི》འབྲེལ་ཡོད་ནང་དོན་རྩོད་གླེང་གི་བརྗོད་གཞིར་བཟུང་སྟེ། ནན་ཏན་ངང་དུ་ཆོས་རྩོད་ལ་ཞུགས་ཤིང་། པདྨ་ཏིང་འཛིན་དགོན་པ་གཞུང་ནས་ཆོས་རྩོད་ཀྱི་བརྒྱུད་རིམ་བརྙན་དུ་ཕབ་སྟེ། པདྨ་ཏིང་འཛིན་དགོན་པ་དང་འབྲེལ་བ་ཟབ་མོ་འཛུགས་གནང་མཛད།
ཡོངས་འཛིན་བློ་བཟང་ཐེག་མཆོག་ནས་པདྨ་ཏིང་འཛིན་དགོན་པར་མཇལ་དར་འབུལ་བའི་མཛད་སྒོ་གཙོ་སྐྱོང་གནང་བ། 
          སྤེལ་རེས་ཚོགས་པ་ཧྥེང་ཧོང་བརྙན་འཕྲིན་ལས་ཁུངས་སུ་བསྐྱོད་སྐབས། ཨ་རིའི་སྲིད་འཛིན་འདེམས་བསྐོ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་པའི་གསར་འགྱུར་ཚ་ཤོས་གཉིས་དང་སྟབས་འཁེལ་བར་བརྟེན། གསར་འགྱུར་བཅར་འདྲིའི་འགན་ཁུར་ལྕི་ལ་དུས་ཡུན་ཛ་དྲག་པར་མངོན། འོན་ཀྱང་ཧྥེང་ཧོང་བརྙན་འཕྲིན་ལས་ཁུངས་ནས་ངེད་ཚོའི་ཕེབས་འབྱོར་ལ་དོ་སྣང་ཆེན་པོ་བྱེད་ཅིང་། ཆེད་དུ་མཐོ་རིམ་གཞོགས་འདེགས་པུའུ་ཡི་ཀྲུའུ་རེན་ཀྲའོ་ཧེ་ཡེན་མངགས་ཏེ་སྣེ་ལེན་དང་མཚམས་སྦྱོར་གྱི་བདག་རྐྱེན་བཟང་པོ་ཐོབ་ལ། གསར་འགོད་པ་གཅིག་ཆེད་གཏོང་གིས་བརྒྱུད་རིམ་ཡོངས་རྫོགས་བརྙན་དུ་བླངས། སྤེལ་རེས་ཚོགས་པ་ནས་ཧྥེང་ཧོང་བརྙན་འཕྲིན་ཁང་གི་གསར་འགྱུར་ལྟེ་གནས་ལ་གཟིགས་སྐོར་དང་། ཧྥེང་ཧོང་བརྙན་འཕྲིན་ཁང་གི་འཕེལ་རྒྱས་ལོ་རྒྱུས་ཀྱི་པར་རིས་འགྲེམ་སྟོན་དང་།3D ལག་རྩལ་འགྲེམ་གཏོང་ལ་དགྱེས་གཟིགས་མཛད། 《འདུལ་བ》ཡི་འབྲེལ་ཡོད་ནང་དོན་ཆོས་རྩོད་ཀྱི་བརྗོད་གཞིར་བྱས་ཏེ། རྩོད་གླེང་མངོན་སྒྲོག་བྱས་ཤིང་། ཀྲུའུ་རེན་ཀྲའོ་ལགས་ནས་བརྗོད་པར། “མིག་གི་མདུན་ས་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལ་སློབ་གཉེར་བྱེད་པའི་ཐབས་ལམ་སྟེ། ཆོས་རྩོད་ལ་ལྟ་རྒྱུ་བྱུང་བས་དངོས་གནས་ཁྱད་ཆོས་ལྡན་ལ་ཡིད་སེམས་འགུལ་བ་ཞིག་འདུག་ལ། ང་ཚོས་ཕབ་ཟིན་པའི་ནང་དོན་ནི་རྗེས་ཕྱོགས་ཆོས་ལུགས་ཀྱི་རྒྱུ་ཆར་བརྩིས་ཏེ་ཉར་ཚགས་བྱ་རྒྱུ་ཡིན”ཞེས་བརྗོད།
ཞང་ཀང་སློབ་ཆེན་གྱི་ནང་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ནམ་སློབ་དཔོན་ཧྲེ་ཞེན་ཁུང་མཆོག་དང་ཡོངས་འཛིན་བློ་བཟང་ཐེག་མཆོག་ཕན་ཚུན་བར་དྲན་རྟེན་ཕྱག་རྟགས་འབུལ་བ།
          ཞང་ཀང་དུ་ཆོས་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད། སྤེལ་རེས་ཚོགས་པས་བོད་བརྒྱུད་ནང་བསྟན་གྱི་གཞུང་བཀའ་པོད་ལྔའི་དོན་ཚན་རེ་རེའི་ནང་དོན་ཕྱོགས་རེ་བ་རེ་བརྗོད་གཞིར་བཟུང་སྟེ། དམ་བཅའ་འཇོག་མཁན་གྱིས་ངོ་མཚར་ཆེ་བའི་རྩོད་གླེང་བྱས་ཏེ། མཐོ་རམས་པའི་སློབ་གཉེར་བ་ཚོའི་འཆད་རྩོད་རྩོམ་གསུམ་གྱི་ནུས་པ་མངོན་པར་མཚོན་ཞིང་། ཞང་ཀང་གི་མི་དམངས་ལ་བག་ཆགས་ཟབ་མོ་འཇོག་པར་མཛད།
ཞང་ཀང་སློབ་ཆེན་གྱི་ནང་རིག་ཞིབ་འཇུག་ལྟེ་གནས་སུ་ནང་ཆོས་རྩོད་གླེང་བྱེད་བཞིན་པ།
          ཞང་ཀང་དུ་གནས་བཅའ་བའི་རིང་དུ་སྤེལ་རེས་ཚོགས་པས་ཞང་ཀང་མཛའ་འབྲེལ་མཐུན་ཚོགས་དང་། ཞང་ཀང་ནང་ཆོས་མཉམ་འབྲེལ་ཚོགས་པ། ཞང་ཀང་མྱེང་ཙེ་སློབ་གླིང་། ཤིན་ཧུང་ཅིའི་ཐེབས་རྩ་ཚོགས་པ་སོགས་ལ་གཟིགས་སྐོར་འཚམས་འདྲི་གནང་ཞིང་། སེམས་རྩ་འཁོལ་པོའི་དགའ་བསུ་དང་ཆེས་མཐོའི་སྣེ་ལེན་བདག་སྐྱོང་ཐོབ། ཞང་ཀང་མཛའ་འབྲེལ་མཐུན་ཚོགས་ཀྱི་སྤྱི་ཁྱབ་ལས་འཛིན་ལུའུ་ཧྥུའུ་དང་། ཞང་ཀང་མྱེང་ཙེ་སློབ་གླིང་གི་གསར་འཛུགས་པའམ་འབུམ་རམས་པ་ཧོང་ཀྲེ་དབྱི། ཤིན་ཧུང་ཅིའི་ཐེབས་རྩ་ཚོགས་པའི་སྐུ་ཞབས་ལིའི་ཅཱ་ཧའོ་དང་། ཅེན་གཡུང་ཀྲེན་སོགས་ནས་སྔ་ཕྱིར་སྤེལ་རེས་ཚོགས་པ་དང་ལྷན་དུ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། སྤེལ་རེས་ཚོགས་པར་ཞང་ཀང་སྤྱི་ཚོགས་ཀྱི་གཞི་རྩའི་གནས་ཚུལ་དང་ཆོས་ལུགས་གནས་སྟངས་སྐོར་ངོ་སྤྲོད་གནང་ཞིང་སྟོན་མོ་བཤམས་ཏེ་སྣེ་ལེན་མཛད། ཤིན་ཧུང་ཅིའི་མཁའ་མཐའི100 ཡུལ་ལྗོངས་རྒྱང་གཟིགས་སྟེགས་བུར་གཟིགས་སྐོར་དུ་ཕེབས་ཏེ། ཞང་ཀང་གི་མཛེས་ལྗོངས་ཡོངས་ལ་རྒྱང་གཟིགས་དང་འབྲེལ། ཞང་ཀང་གི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བྱུང་བའི་རྣམ་པར་རྒྱུས་ལོན་བྱུང་།
ཞང་ཀང་ནང་ཆོས་མཉམ་འབྲེལ་ལྷན་ཚོགས་སུ་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཕན་ཚུན་ཕྱག་རྟགས་འབུལ་བ། 
          ཞང་ཀང་ནང་ཆོས་མཉམ་འབྲེལ་མཐུན་ཚོགས་ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུའི་ཐོག་ཏུ་ལག་བསྟར་ཚོགས་གཙོ་སློབ་དཔོན་ཁོན་ཡུན་ལགས་ནསབརྗོད་པར། “ན་ནིང་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཐོག་དང་པོར་ཞང་ཀང་དུ་སྤེལ་རེས་མི་སྣ་མངགས་ཏེ། ཚང་མར་བག་ཆགས་ཟབ་མོ་འཇོག་པར་མཛད་ཡོད། དེ་རིང་ཁྱེད་ཚོ་ཕེབས་པར་དགའ་སྤྲོ་ཤིན་ཏུ་ཆེ་ལ། བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་གཉིས་ཀ་སྟོན་པ་བཅོམ་ལྡན་འདས་ཀྱི་རྣམ་དག་གི་ཆོས་ལུགས་ཡིན་པས་ང་ཚོ་ནི་ཁྱིམ་ཚང་གཅིག་ཡིན། ཞང་ཀང་ནང་ཆོས་མཉམ་འབྲེལ་མཐུན་ཚོགས་ནི་ཞང་ཀང་གི་ནང་ཆོས་ཚོགས་སྤྱི་ཆེ་ཤོས་དེ་ཡིན་ཞིང་། དད་ལྡན་པ་ས་ཡ་གཅིག་དང་འབུམ་གཉིས་ཡོད། ང་ཚོས་སློབ་ཆུང་དང་། བྱིས་གཉོར་ཁང་། རྒན་གསོ་ཁང་སོགས་བཙུགས་ཏེ‘མི་ཡུལ་གྱི་ནང་ཆོས’ཕྱོགས་ལ་དགེ་བ་མི་ཉུང་བ་བསྒྲུབ་ཡོད། ཞང་ཀང་གི་མིའི་ཕྲུ་གུའི་སྐྱེ་འབོར་ཉུང་བས་ནང་ཆོས་ལ་སློབ་གཉེར་བྱས་ན་ཆོག སྒོར་མོའི་རོགས་སྐྱོར་བྱས་ཀྱང་ཆོགའོན་ཀྱང་རབ་ཏུ་བྱུང་བ་ནི་དཀའ་བ་ཡིན། དེར་བརྟེན་རབ་ཏུ་བྱུང་མཁན་ནི་ཤིན་ཏུ་ཉུང་ཉུང་ཡིན། དེ་ལྟར་ཡང་ནང་ཆོས་ལ་དད་པ་ཡོད་པའི་མི་འབོར་ཉུང་ངུ་མིན། བོད་ཡུལ་དུ་རབ་བྱུང་བ་མང་བས་ང་ཚོས་སྤེལ་རེས་བྱེད་འོས། སྤེལ་རེས་བྱས་རྗེས་ད་གཟོད་ཕན་ཚུན་བར་རྒྱུས་ལོན་ཡོང་བ་ཡིན། བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་གཉིས་ཀར་འཛམ་གླིང་གི་ཞི་བདེ་དང་རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོབ། ཞང་ཀང་གི་བརྟན་ལྷིང་དང་བོད་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོབ།ནང་ཆོས་གྲ་རྒྱས་སུ་གཏོང་བ་སོགས་ཀྱི་ཐད་ལ་འོས་འགན་ཡོད”ཅེས་གསུངས།