ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རམས་པའི་ཡོན་གནས་དཔྱད་ཞིབ་གཏན་འབེབས་བྱེད་ཐབས།

སྤེལ་དུས། 2016-09-12   

   དོན་ཚན་དང་པོ། རྒྱལ་ཁབ་ཆོས་ལུགས་དོན་གཅོད་ཅུས་ཀྱི་《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་ཐབས་(ཚོད་ལྟའི་ལག་བསྟར་)》གཞིར་བཟུང་སྟེ། མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཀྱི་ལས་ཀ་རྣམས་ལེགས་འགྲུབ་ཡོང་ཆེད་བྱེད་ཐབས་འདི་བཟོས་པ་ཡིན། དོན་ཚན་གཉིས་པ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འགོ་ཁྲིད་འོག སྐབས་རིམ་པའི་མཐོ་རིམ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱིས་ལས་ཀའི་ཇུས་གཞི་གཏན་འཁེལ་བྱེད་འགན་འཁུར་ཏེ། མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ལས་དོན་སྤེལ་རྒྱུ། དོན་ཚན་གསུམ་པ། མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་དཔྱད་ཞིབ་གཞི་འཛིན་ས་ནི། རྒྱུགས་འབུལ་དགེ་འདུན་པ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་གཉེར་བྱེད་རིང་གི་སློབ་སྦྱོང་སྦྱངས་འབྲས་དང་། ཕྱོགས་བསྡུས་སྦྱངས་འབྲས། མཐོ་རམས་པའི་ཡོན་གནས་དཔྱད་རྩོམ་བགྲོ་གླེང་བྱས་འབྲས། ཡོན་གནས་རྩོད་རྒྱུགས་དམ་བཅའ་བཅས་ཡིན། དོན་ཚན་བཞི་པ། མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གཤམ་དུ་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་དང་། རྩོད་རྒྱུགས་དཔང་བཞུགས་ཨུ་ལྷན་། དཔྱད་རྩོམ་བགྲོ་གླེང་ཨུ་ལྷན་བཅས་བཙུགས་ནས། ཡོན་གནས་འཐོབ་རེ་ཞུ་མཁན་གྱི་རྒྱུགས་འབུལ་དགེ་འདུན་པའི་ཐོབ་ཐང་ཞིབ་བཤེར་དང་། རྩོད་རྒྱུགས་དམ་བཅའ། དཔྱད་རྩོམ་བགྲོ་གླེང་བཅས་ཀྱི་ལས་འགན་འཁུར་དགོས། དོན་ཚན་ལྔ་པ། ཐོབ་ཐང་ཞིབ་བཤེར་ཨུ་ལྷན་མི་5དང་། རྩོད་རྒྱུགས་དཔང་བཞུགས་ཨུ་ལྷན་་མི་8དཔྱད་རྩོམ་བགྲོ་གླེང་ཨུ་ལྷན་མི་8ལས་གྲུབ་རྒྱུ་དང་། དེ་རྣམས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་འོས་མི་བདམས་རྗེས། བོད་བརྒྱུད་ནང་བསྟན་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱིས་གྲོས་ཞིབ་བརྒྱུད་ནས་གྲོས་འཆམ་བྱ་དགོས། དོན་ཚན་དྲུག་པ། ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱིས་《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་ཐབས་(ཚོད་ལྟའི་ལག་བསྟར་)》ནང་གཏན་འབེབས་བྱས་པའི་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རམས་པའི་ཡོན་གནས་འཐོབ་རེ་ཞུ་མཁན་རྒྱུགས་འབུལ་དགེ་འདུན་པར་འཛོམས་དགོས་པའི་ཆ་རྐྱེན་གཞིར་བཟུང་སྟེ། ཐོབ་ཐང་ཞིབ་བཤེར་གྱི་ལས་ཀའི་ཇུས་གཞི་བཟོ་བ་དང་། མཐོ་རམས་པའི་ཡོན་གནས་འཐོབ་རེ་ཞུ་མཁན་རྣམས་ཡོན་གནས་རྒྱུགས་འབུལ་ལ་ཞུགས་པའི་ཐོབ་ཐང་ཡོད་མེད་ཞིབ་བཤེར་བྱ་དགོས་པ་མ་ཟད། ཞིབ་བཤེར་བྱས་འབྲས་ཀྱི་དགོངས་འཆར་བཟོས་ནས་མཐོ་རིམ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་དགོས། ཡོན་གནས་འཐོབ་རེ་ཞུ་མཁན་གྱི་འབྲེལ་ཡོད་གནས་ཚུལ་ཞིབ་བཤེར་བྱེད་པར་ཆབ་སྲིད་བསམ་བློའི་རྣམ་འགྱུར་དང་། སྡོམ་ཁྲིམས་སྤྱོད་ལམ། ཡོན་ཚད་དཔང་ཡིག སློབ་ཚན་ཁག་གི་སྦྱངས་འབྲས། རྩོད་རྒྱུགས་དམ་བཅའ་དང་དཔྱད་རྩོམ་བགྲོ་གླེང་བྱས་པའི་གནས་ཚུལ་སོགས་ཚུད་ཡོད། དོན་ཚན་བདུན་པ། རྩོད་རྒྱུགས་དཔང་བཞུགས་ཨུ་ལྷན་གྱིས་ཡོན་གནས་སྤྲོད་ཐབས་ཀྱི་གཏན་འབེབས་ལྟར། ཨུ་ལྷན་རང་གི་ལས་ཀའི་ཇུས་གཞི་བཟོ་འགོད་དང་། ཡོན་གནས་རྩོད་རྒྱུགས་དམ་བཅའ་འཇོག་པའི་ཐུགས་འགན་བཞེས་དགོས་པ་མ་ཟད། དེ་འབྲེལ་གྱི་དགོངས་འཆར་མཐོ་རིམ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་དགོས། དོན་ཚན་བརྒྱད་པ། དཔྱད་རྩོམ་བགྲོ་གླེང་ཨུ་ལྷན་གྱིས་ཡོན་གནས་སྤྲོད་ཐབས་ཀྱི་གཏན་འབེབས་ལྟར། ཨུ་ལྷན་རང་གི་ལས་ཀའི་ཇུས་གཞི་བཟོ་འགོད་དང་། དཔྱད་རྩོམ་བགྲོ་གླེང་གི་འགན་འཁུར་ནས་དཔྱད་རྩོམ་བགྲོ་གླེང་བྱས་འབྲས་དང་འབྲེལ་ཡོད་གནས་ཚུལ་མཐོ་རིམ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་དགོས། དོན་ཚན་དགུ་པ། ཡོན་གནས་འཐོབ་རེ་ཞུ་མཁན་གྱིས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ། རྒྱལ་གཅེས་ཆོས་གཅེས་དང་སྒྲིག་འཁུར་ཁྲིམས་སྲུང་བྱེད་པ། དེ་མིན་ཁྲིམས་ལྡན་དམ་གཙང་དང་། དད་བརྟན་སྤྱོད་བཟང་། ནང་རིག་པའི་གཞུང་ལུགས་དང་ཆོས་གཞུང་འཆད་འཁྲིད་ཀྱི་ནུས་པ་ངེས་ཅན་ལྡན་པ། སློབ་ཁྲིད་ཀྱི་འཆར་གཞིའམ་འབྲེལ་ཡོད་ཀྱི་སློབ་ཚན་སློབ་སྦྱོང་དང་ཉམས་ལེན་ལེགས་གྲུབ་བཅས་ཀྱི་སྦྱང་འབྲས་ཚད་གཞི་ལོངས་ན། དེར་བསྟུན་གྱི་ཡོན་གནས་རེ་ཞུ་འབུལ་བའི་ཆ་རྐྱེན་འཛོམས་པ་ཡིན། དོན་ཚན་བཅུ་པ། མཐོ་རམས་པའི་ཡོན་གནས་འཐོབ་རེ་ཞུ་བར་གཤམ་གསལ་གྱི་ཆ་རྐྱེན་ཁག་འཛོམས་དགོས་ཏེ། (གཅིག)ཚད་མའི་གཞུང་།《ཚད་མ་རྣམ་འགྲེལ་》ཕར་ཕྱིན་གྱི་གཞུང་།《མངོན་རྟོགས་རྒྱན།》དབུ་མའི་གཞུང་།《དབུ་མ་འཇུག་པ།》མཛོད་ཀྱི་གཞུང་།《མངོན་པ་མཛོད།》འདུལ་བའི་གཞུང་།《འདུལ་བ་མདོ་རྩ》བཅས་གཞུང་ཆ་ཚང་ལ་ངེས་ཤེས་ཟབ་མོ་ཡོད་པ་མ་ཟད། འབྲེལ་ཡོད་ཀྱི་ཞིབ་འཇུག་ཁྱབ་ཁོངས་ནང་གྲུབ་འབྲས་འབུར་དུ་ཐོན་པ་དང་། (གཉིས།)རང་ཚུགས་ཀྱིས་ནང་བསྟན་ཞིབ་འཇུག་བྱེད་པའི་ནུས་པ་ལྡན་པ།(གསུམ།)ནང་བསྟན་སློབ་ཁྲིད་ལས་དོན་སྒྲུབ་པའི་འཇོན་ཐང་ཆེ་ཙམ་ལྡན་པ། (བཞི།)རྒྱལ་ཁབ་ཀྱི་ཐུན་མོང་སྐད་ཡིག་བེད་སྤྱད་ནས་གླེང་མོལ་དང་ལྟ་ཀློག་ལ་ཅུང་ཙམ་བྱང་ཆུབ་པ་བཅས་ཡིན། དོན་ཚན་བཅུ་གཅིག གཤམ་གསལ་གྱི་གནས་ཚུལ་རིགས་ཐོན་ཚེ་ཡོན་གནས་རེ་ཞུ་བྱེད་པའི་ཐོབ་ཐང་མེད་པ་བཟོ་རྒྱུ་སྟེ། (གཅིག)ཀུན་སྤྱོད་དང་ཁྲིམས་བརྩི་སྡོམ་སྲུང་ཐད་ཉེས་ལྟུང་ཚབས་ཆེན་བྱུང་བ་དང་།(གཉིས།)རྒྱུགས་སྤྲོད་སྐབས་རྐུ་ལྟ་དང་རྫུན་བཟོ། བཤུ་འབྲི་སོགས་ཀྱི་གཡོ་ལས་གནས་ཚུལ་ཚབས་ཆེན་ཐོན་རིགས།(གསུམ།)དཔྱད་རྩོམ་འབྲི་སྐབས་གཞན་གྱི་རིག་གཞུང་གྲུབ་འབྲས་སོགས་ལས་རྐུ་བཤུ་བརྒྱབ་པ་སོགས་ཀྱི་མཇུག་འབྲས་ངན་པ་ཐོན་རིགས།(བཞི།)སློབ་གླིང་དུ་སློབ་སྦྱོང་བྱེད་རིང་སློབ་ཞུགས་ལྟ་བཤེར་ཡན་གྱི་སྒྲིག་ཁྲིམས་ཆད་གཅོད་བྱས་རིགས་བཅས་ཡིན། དོན་ཚན་བཅུ་གཉིས། མཐོ་རིམ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱིས་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་དང་། རྩོད་རྒྱུགས་དཔང་བཞུགས་ཨུ་ལྷན། དཔྱད་རྩོམ་བགྲོ་གླེང་ཨུ་ལྷན་བཅས་ཀྱི་བསམ་འཆར་གཞིགས་ནས་ཡོན་གནས་དཔྱད་ཞིབ་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ། ཐོབ་ཐང་ཞིབ་བཤེར་དང་རྩོད་རྒྱུགས་དམ་བཅའ། དཔྱད་རྩོམ་བགྲོ་གླེང་བཅས་ཀྱི་ཚད་གཞི་ལོན་མཁན་རྣམས་ལ་ཐུན་མོང་དུ་དཔྱད་མོལ་བྱ་དགོས། དོན་ཚན་བཅུ་གསུམ། མཐོ་རིམ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་དཔྱད་ཞིབ་ཚོགས་འདུའི་ཐོག་མིང་མི་འགོད་པར་འདེམས་ཤོག་འཕེན་པའི་ཐབས་ལ་བརྟེན་ནས་རྒྱུགས་འབུལ་དགེ་འདུན་པའི་རྒྱུགས་འབྲས་བརྡས་ཐག་གཅོད་རྒྱུ། ཚོགས་འདུར་ཕེབས་མཁན་ཨུ་ཡོན་གསུམ་ཆའི་གཉིས་ཡན་གྱིས་མོས་མཐུན་བྱུང་ན། ཆོད་དོན་ཡིག་ཆ་འབྲི་བ་དང་ཚོགས་འདུའི་ཟིན་བྲིས་བཀོད་ནས། ཚོགས་ཞུགས་ཁོངས་མི་རྣམས་ནས་བལྟ་བཤེར་དང་མིང་རྟགས་འགོད་དགོས། དོན་ཚན་བཅུ་བཞི། མཐོ་རིམ་ཡོན་གནས་དཔྱད་ཞིབ་ཨུ་ལྷན་གྱིས་དཔྱད་ཞིབ་བསམ་འཆར་བྲིས་ཏེ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ལ་ཕུལ་ནས་གཏན་འཁེལ་བྱུང་རྗེས། མཐོ་རམས་པའི་ཡོན་གནས་དང་ཡོན་གནས་དཔང་ཡིག་སྤྲོད་རྒྱུ། དོན་ཚན་བཅོ་ལྔ། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲད་ཟིན་པའི་དགེ་འདུན་པར་བྱེད་ཐབས་འདིའི་དོན་ཚན་དགུ་པ་ནས་བཅུ་གཅིག་བར་གྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་བའི་གནས་ཚུལ་ཡོད་པ་ཤེས་ན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་གཉིས་པའི་མཐོ་རིམ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱིས་སྤྲད་ཟིན་པའི་ཡོན་གནས་དེ་ཕྱིར་འཐེན་བྱ་རྒྱུ། དོན་ཚན་བཅུ་དྲུག མཐོ་རིམ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་ཁོངས་མི་རྣམས་ལ་གཤམ་གསལ་གྱི་བྱ་སྤྱོད་ཁག་ལས་གཅིག་ཡོད་པ་ཤེས་ན། བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་གྱིས་ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས། ཡོ་བསྲང་བྱེད་དུ་འཇུག་པའམ་དེའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་ཁོངས་མིའི་ཐོབ་ཐང་གནས་སྐབས་མཚམས་འཇོག་པའམ་ཡང་ན་མེད་པ་བཟོ་རྒྱུ་སྟེ། (གཅིག)དཔྱད་འབེབས་བསམ་འཆར་རམ་འདེམས་ཤོག་འཕངས་ཚུལ་ཕྱིར་གྱར་བའི་གནས་ཚུལ་རིགས་ཐོན་པ་དང་། (གཉིས།)དཔྱད་ཞིབ་གཏན་འབེབས་ཀྱི་མཇུག་འབྲས་ཁྱབ་བསྒྲགས་མ་བྱས་གོང་ཕྱིར་གྱར་བའི་གནས་ཚུལ་རིགས་ཐོན་པ། (གསུམ།)ཡོན་གནས་འཐོབ་རེ་ཞུ་མཁན་ལ་ངོ་བརྒྱུད་འདེམས་ཤོག་འགུག་པ་སོགས་ཀྱིས་དཔྱད་ཞིབ་མཇུག་འབྲས་ལ་ཤུགས་རྐྱེན་བཟོས་པའི་རིགས་ཐོན་པ། (བཞི།)ཡོན་གནས་འཐོབ་རེ་ཞུ་མཁན་ནས་ལྐོག་རྔན་ལེན་པའི་རིགས་ཐོན་པ་བཅས་ཡིན། མཐོ་རིམ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་ཁོངས་མིར་གོང་གསལ་དོན་ཚན་གྱི་ནང་གསེས་དོན་ཚན་གསུམ་པའམ་བཞི་པའི་བྱ་སྤྱོད་རིགས་ཡོད་ན། བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་གྱིས་སྒྲིག་འགལ་ངང་སྤྲད་པའི་ཡོན་གནས་དེ་གོ་ཆོད་མེད་པ་ཁྱབ་བསྒྲགས་བྱ་རྒྱུ། དོན་ཚན་བཅུ་བདུན། མཐོ་རིམ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་ལ་ཡོན་གནས་སྤྲོད་པའི་གོ་རིམ་དང་གཏན་འབེབས་ལས་འགལ་བའི་གནས་ཚུལ་རིགས་ཡོད་པ་ཤེས་ན། བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་གྱིས་སྒྲིག་འགལ་ངང་སྤྲད་པའི་ཡོན་གནས་དེ་གོ་མི་ཆོད་པའི་ཁྱབ་བསྒྲགས་བྱ་རྒྱུ་མ་ཟད། ཉེས་ཚབས་ཆེ་ཆུང་ལ་གཞིགས་ཏེ། ཡོ་བསྲང་བྱེད་དུ་འཇུག་པ་དང་། ཡོན་གནས་སྤྲོད་པའི་ལས་ཀ་མཚམས་འཇོག་པའམ་ཡང་ན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ཡོན་ལྷན་ཁང་བསྐྱར་འཛུགས་བྱེད་དུ་འཇུག་རྒྱུ། དོན་ཚན་བཅོ་བརྒྱད། དཔྱད་ཞིབ་ཚད་གཞི་མ་ལོན་པ་རྣམས་སློབ་སྦྱོང་དང་ལེགས་བཅོས་བྱས་པ་བརྒྱུད་རང་གིས་རེ་ཞུ་བྱས་ནས་མཐོ་རིམ་ནང་བསྟན་སློབ་གླིང་གིས་མོས་མཐུན་བྱུང་ན། མཐོ་རིམ་ནང་བསྟན་སློབ་གླིང་གིས་སྒྲིག་འཛུགས་བྱེད་པའི་སྐབས་རྗེས་མའི་གྲུབ་མཐའ་རང་གི་ཡོན་གནས་རྒྱུགས་སྤྲོད་ནང་ཡང་བསྐྱར་ཞུགས་ཆོག་པ་དང་། རྒྱུགས་ལོན་རྗེས་ཡོན་གནས་སྤྲད་ཆོག དོན་ཚན་བཅུ་དགུ། བྱེད་ཐབས་འདིར་འགྲེལ་བཤད་བྱེད་དབང་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་ལ་ཡོད།