༄༅།། རྒྱལ་ཁབ་ཆོས་ལུགས་དོན་གཅོད་ཅུས་ཀྱི་བཀའ།ཨང་12པ།

སྤེལ་དུས། 2016-09-06   

《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་ཐབས་(ཚོད་ལྟའི་ལག་བསྟར་)》ཞེས་པ་འདི་2015ལོའི་ཟླ་4ཚེས་16ཉིན་རྒྱལ་ཁབ་ཆོས་ལུགས་དོན་གཅོད་ཅུས་ཀྱི་2015ལོའི་ཅུས་ལས་དོན་ཚོགས་འདུ་ཐེངས་4པའི་ཐོག་གྲོས་འཆམ་བྱུང་བ་དང་།   2015ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་ལེན་དུ་བསྟར་རྒྱུ་ཡིན།
                                                
ཅུས་ཀྲང་།  ཝང་ཙུའོ་ཨན།
                                                     2015ལོའི་ཟླ་4ཚེས་28ཉིན།

 

 

 


༄༅།། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་ཐབས།(ཚོད་ལྟའི་ལག་བསྟར།)

ས་བཅད་དང་པོ།  སྤྱིའི་དོན་ཚན།

 

  དོན་ཚན་དང་པོ། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་པའི་ལས་ཀ་ཚད་ལྡན་དུ་ཡོང་ཆེད་དང་། བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་ཆེད། 《ཆོས་ལུགས་སློབ་གྲྭའི་བསླབ་གནས་སྤྲོད་ཐབས་(ཚོད་ལྟའི་ལག་བསྟར)》དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་འཛིན་པ། བོད་བརྒྱུད་ནང་བསྟན་གྱི་དོན་དངོས་ལ་གཞིག་པ་བཅས་བྱས་ཏེ།  བྱེད་ཐབས་འདི་བཟོས་པ་ཡིན།
  དོན་ཚན་གཉིས་པ། བྱེད་ཐབས་འདིའི་ནང་བརྗོད་པའི་བོད་བརྒྱུད་ནང་བསྟན་སློབ་གླིང་ཞེས་པ་ནི། 《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག་》དང་《ཆོས་ལུགས་སློབ་གླིང་འཛུགས་གཉེར་བྱེད་ཐབས་》ལ་གཞིགས་ནས་བཙུགས་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་སམ་ཡང་ན་ཞིང་ཆེན་ནམ་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱིས་བསྒྲུབས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་བྱེད་མི་སྣའམ་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་གླིང་ལ་ཟེར།
  དོན་ཚན་གསུམ་པ། བྱེད་ཐབས་འདིར་བརྗོད་པའི་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ཞེས་པ་ནི། བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་མ་རྣམས་སློབ་གླིང་དུ་སློབ་སྦྱོང་གི་དུས་ཡུན་ལོངས་ནས་རྒྱུགས་ཚད་ལོན་པའམ་ཡང་ན་ཡོན་ཚད་མཉམ་པའི་དགོན་སྡེའི་བཤད་གྲྭའི་དགེ་འདུན་པ་རྣམས་ལ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱིས་དེའི་ཆབ་སྲིད་བསམ་བློའི་རྣམ་འགྱུར་དང་།  ཆོས་ལུགས་ཀུན་སྤྱོད། སློབ་ཚན་ཁག་གི་རྒྱུགས་འབྲས། རྩོད་རྒྱུགས་དམ་བཅའ། དཔྱད་རྩོམ་བགྲོ་གླེང་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ཚད་གཞི་ལོན་རྗེས་སུ་ཐོབ་པའི་ཡོན་གནས་ལ་ཟེར།
  དོན་ཚན་བཞི་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་བཙུགས་ནས། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་པའི་འབྲེལ་ཡོད་ལས་ཀར་ཁྲིད་སྟོན་བྱེད་པའི་འགན་འཁུར་རྒྱུ། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་གྱི་ཁོངས་མི་རྣམས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་གདན་ཞུ་བྱས་ནས་རྒྱལ་ཁབ་ཆོས་ལུགས་དོན་གཅོད་ཅུས་ལ་སྙན་འབུལ་ཐོ་འགོད་བྱས་རྗེས། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་གདན་ཞུའི་དཔང་ཡིག་གནང་རྒྱུ།
  བོད་བརྒྱུད་ནང་བསྟན་ཡོན་གནས་མཛུབ་སྟོན་ཨུ་ལྷན་གྱི་རྒྱུན་ལྡན་ལས་ཀ་རྣམས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་འགན་འཁུར་དགོས།
  དོན་ཚན་ལྔ་པ། རྒྱལ་ཁབ་ཆོས་ལུགས་དོན་གཅོད་ཅུས་དང་།  ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་པའི་ལས་ཀར་ལྟ་སྐུལ་དང་མཛུབ་སྟོན་བྱ་དགོས།

  ས་བཅད་གཉིས་པ།  ཡོན་གནས་རིམ་པ་དང་དཔྱད་ཞིབ་
  ལས་ཁུངས་འཛུགས་པའི་སྐོར།

  དོན་ཚན་དྲུག་པ། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལ་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་བཅས་གསུམ་དུ་དབྱེ་བ་སྟེ།  མཚན་ཉིད་རབ་འབྱམས་པ་དང་། འབྲིང་རམས་པ། མཐོ་རམས་པ་བཅས་ཡིན།
  དོན་ཚན་བདུན་པ། མཚན་ཉིད་རབ་འབྱམས་པ་དང་འབྲིང་རམས་པའི་ཡོན་གནས་ནི་ཞིང་ཆེན་ནམ་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱིས་འཛུགས་གཉེར་བྱས་པའི་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྤྲོད་རྒྱུ་དང་། མཐོ་རམས་པའི་ཡོན་གནས་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་སྤྲོད་རྒྱུ།
   ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་དགོས་མཁོར་གཞིགས་ནས་འབྲིང་རམས་པའི་འཛིན་གྲྭ་བསྒྲུབས་ཏེ་འབྲིང་རམས་པའི་ཡོན་གནས་སྤྲད་ཆོག
   དོན་ཚན་བརྒྱད་པ། བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་བཙུགས་ནས། ཡོན་གནས་དཔྱད་ཞིབ་དང་ཡོན་གནས་སྤྲོད་པའི་ལས་འགན་འཁུར་དགོས།
   དོན་ཚན་དགུ་པ། བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་ཁོངས་མི་རྣམས་སློབ་གླིང་སྒྲུབ་གཉེར་བྱེད་པའི་ཞིང་ཆེན་ནམ་ཡང་ན་རང་སྐྱོང་ལྗོངས་ནང་བསྟན་ཚོགས་པས་ཞིབ་བཤེར་གཏན་འཁེལ་བྱས་པ་བརྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་དོན་གཅོད་སྡེ་ཁག་དང་བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་སོ་སོར་སྙན་འབུལ་ཐོ་འགོད་བྱ་དགོས།
   ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་ཁོངས་མི་རྣམས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་བཤེར་གཏན་འཁེལ་བྱས་པ་བརྒྱུད་རྒྱལ་ཁབ་ཆོས་ལུགས་དོན་གཅོད་ཅུས་ལ་སྙན་འབུལ་ཐོ་འགོད་བྱ་དགོས།
   བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་ཁོངས་མིའི་གདན་ཞུའི་ཡི་གེ་ནི་བོད་བརྒྱུད་ནང་བསྟན་སློབ་གླིང་ཁག་གི་གླིང་གཙོས་ཆོག་མཆན་མིང་རྟགས་བཀོད་ནས་སྤྲོད་དགོས།
   དོན་ཚན་བཅུ་པ། བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱིས་དགོས་མཁོར་གཞིགས་ནས་ཡོན་གནས་འཐོབ་རེ་ཞུ་མཁན་གྱི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་དང་། རྩོད་རྒྱུགས་དཔང་བཞུགས་ཨུ་ལྷན། དཔྱད་རྩོམ་བགྲོ་གླེང་ཨུ་ལྷན་བཅས་བཙུགས་ནས་གཤམ་གྱི་ལས་འགན་ཁག་བསྒྲུབ་དགོས་ཏེ།
  (གཅིག)ཡོན་གནས་འཐོབ་རེ་ཞུ་མཁན་གྱི་འབྲེལ་ཡོད་གནས་ཚུལ་ཞིབ་བཤེར་ལ་ཆབ་སྲིད་བསམ་བློའི་རྣམ་འགྱུར་དང་། ཆོས་ལུགས་ཀུན་སྤྱོད། ཡོན་ཚད་དཔང་ཡིག སློབ་ཚན་ཁག་གི་སྦྱངས་འབྲས། རྩོད་རྒྱུགས་དམ་བཅའ། དཔྱད་རྩོམ་བགྲོ་གླེང་བྱས་འབྲས་སོགས་ཚུད་པ་དང་།
  (གཉིས།)ཡོན་གནས་འཐོབ་རེ་ཞུ་མཁན་གྱི་རྩོད་རྒྱུགས་སྒྲིག་འཛུགས་བྱེད་པ།
  (གསུམ།)ཡོན་གནས་འཐོབ་རེ་ཞུ་མཁན་གྱི་དཔྱད་རྩོམ་ཞིབ་དཔྱད་དང་བགྲོ་གླེང་སྒྲིག་འཛུགས་བྱེད་རྒྱུ་བཅས་ཡིན།

  ས་བཅད་གསུམ་པ།  ཡོན་གནས་འཐོབ་རེ་ཞུ་བའི་ཆ་རྐྱེན་སྐོར།

   དོན་ཚན་བཅུ་གཅིག  ཡོན་གནས་འཐོབ་རེ་ཞུ་མཁན་གྱིས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ། རྒྱལ་གཅེས་ཆོས་གཅེས་དང་སྒྲིག་འཁུར་ཁྲིམས་སྲུང་བྱེད་པ། དེ་མིན་ཚུལ་ཁྲིམས་དམ་སྲུང་དང་། དད་བརྟན་སྤྱོད་བཟང་།  ནང་རིག་པའི་གཞུང་ལུགས་དང་ཆོས་གཞུང་འཆད་འཁྲིད་ཀྱི་ནུས་པ་ངེས་ཅན་ལྡན་པ། སློབ་ཁྲིད་ཀྱི་འཆར་གཞིའམ་འབྲེལ་ཡོད་ཀྱི་སློབ་ཚན་སློབ་སྦྱོང་དང་ཉམས་ལེན་ལེགས་གྲུབ་བཅས་ཀྱི་སྦྱངས་འབྲས་རྒྱུགས་ཚད་ལོན་ན ། དེར་བསྟུན་གྱི་ཡོན་གནས་རེ་ཞུ་འབུལ་བའི་ཆ་རྐྱེན་འཛོམས་པ་ཡིན།
  དོན་ཚན་བཅུ་གཉིས། མཚན་ཉིད་རབ་འབྱམས་པའི་ཡོན་གནས་འཐོབ་རེ་ཞུ་བར་གཤམ་གསལ་གྱི་ཆ་རྐྱེན་ཁག་འཛོམས་དགོས་ཏེ།
  (གཅིག)ཚད་མའི་གཞུང་།《ཚད་མ་རྣམ་འགྲེལ་》དང་། ཕར་ཕྱིན་གྱི་གཞུང་།《མངོན་རྟོགས་རྒྱན།》དབུ་མའི་གཞུང་།《དབུ་མ་འཇུག་པ།》 མཛོད་ཀྱི་གཞུང་《མངོན་པ་མཛོད་》བཅས་ཀྱི་ནང་དོན་ཅུང་ལེགས་པོར་ངེས་པ་དང་།
  (གཉིས།)ནང་བསྟན་ཞིབ་འཇུག་གི་ལས་ཀའི་ནུས་པ་ཅུང་ཙམ་ལྡན་པ།
  (གསུམ།)ནང་བསྟན་སློབ་ཁྲིད་ལས་དོན་སྒྲུབ་པའི་ནུས་པ་ཅུང་ལྡན་པ་བཅས་ཡིན།
   དོན་ཚན་བཅུ་གསུམ། འབྲིང་རམས་པའི་ཡོན་གནས་འཐོབ་རེ་ཞུ་བར་གཤམ་གསལ་གྱི་ཆ་རྐྱེན་ཁག་འཛོམས་དགོས་ཏེ།
  (གཅིག)ཚད་མའི་གཞུང་།《ཚད་མ་རྣམ་འགྲེལ་》དང་། ཕར་ཕྱིན་གྱི་གཞུང་།《མངོན་རྟོགས་རྒྱན།》དབུ་མའི་གཞུང་།《དབུ་མ་འཇུག་པ།》 མཛོད་ཀྱི་གཞུང་།《མངོན་པ་མཛོད།》འདུལ་བའི་གཞུང་།《འདུལ་བ་མདོ་རྩ》བཅས་ཆ་ཚང་ངེས་དགོས་པ་མ་ཟད། འབྲེལ་ཡོད་ཀྱི་ཞིབ་འཇུག་ཁྱབ་ཁོངས་ནང་མཁྱེན་རྒྱ་ཅུང་ཡངས་པོ་ཡོད་པ་དང་།
  (གཉིས།)ནང་བསྟན་ཞིབ་འཇུག་ལས་ཀའི་ནུས་པ་ལྡན་པ།
  (གསུམ།)ནང་བསྟན་སློབ་ཁྲིད་ཀྱི་ལས་དོན་སྒྲུབ་པའི་ནུས་པ་ལྡན་པ།
  (བཞི།)རྒྱལ་ཁབ་ཀྱི་ཐུན་མོང་སྐད་ཡིག་བེད་སྤྱད་ནས་སྟབས་བདེའི་གླེང་མོལ་དང་ལྟ་ཀློག་ཐུབ་པ་བཅས་ཡིན།
   དོན་ཚན་བཅུ་བཞི། མཐོ་རམས་པའི་ཡོན་གནས་འཐོབ་རེ་ཞུ་བར་གཤམ་གསལ་གྱི་ཆ་རྐྱེན་ཁག་འཛོམས་དགོས་ཏེ།
 (གཅིག)ཚད་མའི་གཞུང་།《ཚད་མ་རྣམ་འགྲེལ་》 དང་། ཕར་ཕྱིན་གྱི་གཞུང་།《མངོན་རྟོགས་རྒྱན།》དབུ་མའི་གཞུང་།《དབུ་མ་འཇུག་པ།》 མཛོད་ཀྱི་གཞུང་།  《མངོན་པ་མཛོད།》འདུལ་བའི་གཞུང་།《འདུལ་བ་མདོ་རྩ》བཅས་གཞུང་ཆ་ཚང་ལ་ངེས་ཤེས་ཟབ་མོ་ཡོད་པ་མ་ཟད། འབྲེལ་ཡོད་ཀྱི་ཞིབ་འཇུག་ཁྱབ་ཁོངས་ནང་གྲུབ་འབྲས་འབུར་དུ་ཐོན་པ་དང་།
 (གཉིས།)རང་ཚུགས་ཀྱིས་ནང་བསྟན་ཞིབ་འཇུག་བྱེད་པའི་ནུས་པ་ལྡན་པ།
 (གསུམ།)ནང་བསྟན་སློབ་ཁྲིད་ཀྱི་ལས་དོན་སྒྲུབ་པའི་ནུས་པ་ཆེ་ཙམ་ལྡན་པ།
 (བཞི།)རྒྱལ་ཁབ་ཀྱི་ཐུན་མོང་སྐད་ཡིག་བེད་སྤྱད་ནས་གླེང་མོལ་དང་ལྟ་ཀློག་ལ་ཅུང་ཙམ་བྱང་ཆུབ་པ་བཅས་ཡིན།
 དོན་ཚན་བཅོ་ལྔ། གཤམ་གསལ་གྱི་གནས་ཚུལ་རིགས་ཐོན་ཚེ་ཡོན་གནས་རེ་ཞུ་བྱེད་པའི་ཐོབ་ཐང་མེད་དེ།
 (གཅིག)ཀུན་སྤྱོད་དང་ཁྲིམས་བརྩི་སྡོམ་སྲུང་ཐད་ཉེས་ལྟུང་བྱུང་བ་དང་།
 (གཉིས།)རྒྱུགས་སྤྲོད་སྐབས་བརྐུ་ལྟ་དང་རྫུན་བཟོ། བཤུ་འབྲི་སོགས་ཀྱི་གཡོ་ལས་གནས་ཚུལ་ཚབས་ཆེན་ཐོན་རིགས།
 (གསུམ།)དཔྱད་རྩོམ་འབྲི་སྐབས་གཞན་གྱི་རིག་གཞུང་གྲུབ་འབྲས་སོགས་ལས་རྐུ་བཤུ་བརྒྱབ་པ་སོགས་ཀྱི་མཇུག་འབྲས་ངན་པ་ཐོན་རིགས།
 (བཞི།)སློབ་གླིང་དུ་སློབ་སྦྱོང་བྱེད་རིང་སློབ་ཞུགས་ལྟ་བཤེར་ཡན་གྱི་སྒྲིག་ཁྲིམས་ཆད་གཅོད་བྱས་རིགས་བཅས་ཡིན།
  ས་བཅད་བཞི་པ། ཡོན་གནས་རེ་ཞུ་དང་ཡོན་གནས་སྤྲོད་རྒྱུའི་སྐོར།
  དོན་ཚན་བཅུ་དྲུག ཡོན་གནས་འཐོབ་རེ་ཞུ་མཁན་གྱིས་ཡོན་གནས་རེ་ཞུ་བྱེད་སྐབས་བོད་བརྒྱུད་ནང་བསྟན་སློབ་གླིང་ལ་རང་ཉིད་ཀྱིས་བྲིས་པའི་《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་རེ་ཞུའི་རེའུ་མིག་》འབུལ་དགོས།
   དོན་ཚན་བཅུ་བདུན། བྱེད་ཐབས་འདིའི་དོན་ཚན་ཉི་ཤུ་པའི་གཏན་འབེབས་དང་མཐུན་པའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་མཐར་ཕྱིན་སློབ་མ་དང་ཡོན་ཚད་མཉམ་པའི་དགོན་སྡེའི་བཤད་གྲྭའི་དགེ་འདུན་པ་རྣམས་ཀྱིས་རང་ཉིད་སློབ་སྦྱོང་བྱེད་སའི་བོད་བརྒྱུད་ནང་བསྟན་སློབ་གླིང་དང་། དགོན་སྡེ་གནས་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་སློབ་གླིང་ཁག་ལ་སོ་སོས་མཚན་ཉིད་རབ་འབྱམས་པའི་ཡོན་གནས་འཐོབ་རེ་ཞུས་ཆོག
   བྱེད་ཐབས་འདིའི་དོན་ཚན་བཅུ་གསུམ་པའི་གཏན་འབེབས་དང་མཐུན་པའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་མཐར་ཕྱིན་སློབ་མ་དང་ཡོན་ཚད་མཉམ་པའི་དགོན་སྡེའི་བཤད་གྲྭའི་དགེ་འདུན་པ་རྣམས་ཀྱིས་རང་ཉིད་སློབ་སྦྱོང་བྱེད་སའི་བོད་བརྒྱུད་ནང་བསྟན་སློབ་གླིང་དང་། དགོན་སྡེ་གནས་སའི་ཞིང་ཆེན་ནམ་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་སློབ་གླིང་ཁག་ལ་སོ་སོས་འབྲིང་རམས་པའི་ཡོན་གནས་འཐོབ་རེ་ཞུས་ཆོག
   བྱེད་ཐབས་འདིའི་དོན་ཚན་བཅུ་བཞི་པའི་གཏན་འབེབས་དང་མཐུན་པའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་མཐར་ཕྱིན་སློབ་མ་དང་ཡོན་ཚད་མཉམ་པའི་དགོན་སྡེའི་བཤད་གྲྭའི་དགེ་འདུན་པ་རྣམས་ཀྱིས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ལ་མཐོ་རམས་པའི་ཡོན་གནས་འཐོབ་རེ་ཞུས་ཆོག
   དོན་ཚན་བཅོ་བརྒྱད། བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱིས་ཡོན་གནས་འཐོབ་རེ་ཞུ་མཁན་དགེ་འདུན་པའི་ཆབ་སྲིད་བསམ་བློའི་རྣམ་འགྱུར་དང་། ཆོས་ལུགས་ཀྱི་ཀུན་སྤྱོད། སློབ་ཚན་ཁག་གི་རྒྱུགས་འབྲས། རྩོད་རྒྱུགས་དམ་བཅའ། དཔྱད་རྩོམ་བགྲོ་གླེང་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱ་དགོས་པ་མ་ཟད། ཡོན་གནས་དཔྱད་ཞིབ་གཏན་འབེབས་ཀྱི་ཚོགས་འདུ་སྐོང་འཚོགས་བྱས་ནས་ཡོན་གནས་སྤྲོད་པའི་གྲོས་ཆོད་ལ་གྲོས་འཆམ་བྱ་དགོས། ཚོགས་ཞུགས་མི་གྲངས་དེ་ཨུ་ཡོན་ཡོངས་ཀྱི་ལྔ་ཆའི་བཞི་ཡན་ཟིན་ན། གཞི་ནས་ཚོགས་འདུ་འཚོགས་ཆོག
   ཡོན་གནས་དཔྱད་ཞིབ་གཏན་འབེབས་གྲོས་ཚོགས་ཐོག་མིང་མི་འགོད་པར་འདེམས་ཤོག་འཕེན་པའི་ཐབས་ལ་བརྟེན་ནས་བརྡས་ཐག་གཅོད་དགོས། ཚོགས་འདུར་ཕེབས་མཁན་གྱི་ཨུ་ཡོན་གསུམ་ཆའི་གཉིས་ཡན་གྱིས་ཡོན་གནས་སྤྲོད་པའི་གཏན་འབེབས་ལ་མོས་མཐུན་བྱུང་ན་གཞི་ནས་གྲོས་འཆམ་བྱུང་བར་བརྩི་རྒྱུ་མ་ཟད། ཚོགས་འདུའི་སྟེང་གྲོས་ཆོད་ཡིག་ཆ་དང་ཚོགས་འདུའི་ཟིན་བྲིས་བཀོད་ནས་ཚོགས་ཞུགས་ཁོངས་མི་རྣམས་ཀྱིས་ལྟ་བཤེར་དང་མིང་རྟགས་འགོད་དགོས། འཕྲིན་གཏོང་གི་ཐབས་ལམ་བརྒྱུད་ནས་བརྡས་ཐག་གཅོད་པ་སོགས་བྱས་མི་ཆོག
   དོན་ཚན་བཅུ་དགུ། མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱིས་དཔྱད་ཞིབ་བྱས་པ་བརྒྱུད་རྒྱུགས་ཚད་ལོན་མེད་པར་ངོས་འཛིན་བྱུང་ན།  ལོ་རྗེས་མར་ཡང་བསྐྱར་ཡོན་གནས་འཐོབ་རེ་ཞུས་ཆོག
   ཡོན་གནས་འཐོབ་རེ་ཞུ་མཁན་གྱིས་མཐོ་རིམ་ནང་བསྟན་སློབ་གླིང་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་དཔྱད་ཞིབ་མཇུག་འབྲས་ལ་བསམ་འཆར་མི་འཐད་པ་ཡོད་ན། དེའི་ཡོན་གནས་རེ་ཞུ་བདག་སྤྲོད་བྱེད་མཁན་གྱི་མཐོ་རིམ་ནང་བསྟན་སློབ་གླིང་ལ་བསྐྱར་ཞིབ་བྱ་རྒྱུའི་རེ་ཞུ་བཏོན་ཆོག
   དོན་ཚན་ཉི་ཤུ། ཞིང་ཆེན་དང་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་སྤྲོད་པའི་གནས་ཚུལ་དེ་སློབ་གླིང་སྒྲུབ་མཁན་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ནང་བསྟན་ཚོགས་པས་ཞིང་ཆེན་ནམ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག། དེ་མིན་བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་སོ་སོ་ལ་སྙན་འབུལ་ཐོ་འགོད་བྱ་དགོས།
   ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་གནས་སྤྲད་པའི་གནས་ཚུལ་དེ་བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་ལ་སྙན་འབུལ་ཐོ་འགོད་བྱ་དགོས།
   བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཡོན་གནས་སྤྲད་པའི་དགེ་འདུན་པ་རྣམས་ཀྱི་མཚན་ཐོ་དེ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་རྒྱལ་ཁབ་ཆོས་ལུགས་དོན་གཅོད་ཅུས་ལ་སྙན་འབུལ་ཐོ་འགོད་བྱ་དགོས།
   དོན་ཚན་ཉེར་གཅིག རྒྱལ་ཁབ་ཆོས་ལུགས་དོན་གཅོད་ཅུས་ལ་སྙན་འབུལ་ཐོ་འགོད་བྱས་རྗེས། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ཐོབ་པའི་དགེ་འདུན་པ་རྣམས་ཀྱི་མཚན་ཐོ་དེ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དྲ་ཐོག་ཏུ་ཡོངས་བསྒྲགས་བྱ་རྒྱུ།
  ས་བཅད་ལྔ་པ།   ཆད་གཅོད་ཀྱི་སྐོར།
   དོན་ཚན་ཉེར་གཉིས། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲད་ཟིན་པའི་རིགས་ལ་བྱེད་ཐབས་འདིའི་ས་བཅད་གསུམ་པའི་འབྲེལ་ཡོད་གཏན་འབེབས་དང་འགལ་བའི་གནས་ཚུལ་ཡོད་ན། ཡོན་གནས་སྤྲོད་མཁན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱིས་སྤྲད་ཟིན་པའི་ཡོན་གནས་དེ་ཕྱིར་འཐེན་བྱ་རྒྱུ།
   དོན་ཚན་ཉེར་གསུམ། བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་ཁོངས་མི་རྣམས་ལ་གཤམ་གསལ་གྱི་བྱ་སྤྱོད་ཁག་ལས་གཅིག་ཡོད་ན། བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་གྱིས་ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས། ཡོ་བསྲང་བྱེད་དུ་འཇུག་པའམ་དེའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་ཁོངས་མིའི་ཐོབ་ཐང་གནས་སྐབས་མཚམས་འཇོག་པའམ་ཡང་ན་མེད་པ་བཟོ་རྒྱུ་སྟེ།
   (གཅིག)དཔྱད་ཞིབ་བསམ་འཆར་རམ་འདེམས་ཤོག་འཕངས་ཚུལ་ཕྱིར་གྱར་བའི་གནས་ཚུལ་རིགས་ཐོན་པ་དང་།
   (གཉིས།)དཔྱད་ཞིབ་གཏན་འབེབས་ཀྱི་མཇུག་འབྲས་ཁྱབ་བསྒྲགས་མ་བྱས་གོང་ཕྱིར་གྱར་བའི་གནས་ཚུལ་རིགས་ཐོན་པ།
   (གསུམ།)ཡོན་གནས་འཐོབ་རེ་ཞུ་མཁན་ལ་ངོ་བརྒྱུད་འདེམས་ཤོག་འགུག་པ་སོགས་ཀྱིས་དཔྱད་ཞིབ་མཇུག་འབྲས་ལ་ཤུགས་རྐྱེན་བཟོས་པའི་རིགས་ཐོན་པ།
   (བཞི།)ཡོན་གནས་འཐོབ་རེ་ཞུ་མཁན་ནས་ལྐོག་རྔན་ལེན་པའི་རིགས་ཐོན་པ་བཅས་ཡིན།
   བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་ཁོངས་མི་ལ་གོང་གསལ་དོན་ཚན་གྱི་ནང་གསེས་དོན་ཚན་གསུམ་པའམ་བཞི་པའི་བྱ་སྤྱོད་རིགས་ཡོད་ན། བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་གྱིས་སྒྲིག་འགལ་ངང་སྤྲད་པའི་ཡོན་གནས་དེ་གོ་ཆོད་མེད་པ་ཁྱབ་བསྒྲགས་བྱ་རྒྱུ།
   དོན་ཚན་ཉེར་བཞི། བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་ལ་ཡོན་གནས་སྤྲོད་པའི་གོ་རིམ་དང་གཏན་འབེབས་ལས་འགལ་བའི་གནས་ཚུལ་རིགས་ཡོད་ན། བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་གྱིས་སྒྲིག་འགལ་ངང་སྤྲད་པའི་ཡོན་གནས་དེ་གོ་མི་ཆོད་པའི་ཁྱབ་བསྒྲགས་བྱ་རྒྱུ་མ་ཟད། ཉེས་ཚབས་ཆེ་ཆུང་ལ་གཞིགས་ཏེ། ཡོ་བསྲང་བྱེད་དུ་འཇུག་དང་། ཡོན་གནས་སྤྲོད་པའི་ལས་ཀ་མཚམས་འཇོག་པའམ་ཡང་ན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་བསྐྱར་འཛུགས་བྱ་རྒྱུ།
   ས་བཅད་དྲུག་པ།   ཞར་བྱུང་དོན་ཚན།
   དོན་ཚན་ཉེར་ལྔ། 《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་རེ་ཞུའི་རེའུ་མིག》དང་《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་དཔང་ཡིག་》ནི་བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་གྱིས་གཅིག་གྱུར་ངང་པར་བཟོ་བྱ་རྒྱུ།
   དོན་ཚན་ཉེར་དྲུག 《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་དཔང་ཡིག་》ནི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོས་མིང་རྟགས་བཀོད་ནས་སྤྲོད་རྒྱུ།
   དོན་ཚན་ཉེར་བདུན། བོད་བརྒྱུད་ནང་བསྟན་སློབ་གླིང་དུ་སློབ་གཉེར་བྱེད་མཁན་གྱི་རྒྱལ་ཕྱིའི་སློབ་མ་དང་ཞིབ་འཇུག་ལས་དོན་སྒྲུབ་མཁན་གྱི་རྒྱལ་ཕྱིའི་མཁས་པ་སོགས་ལ་ཡོན་གནས་སྤྲོད་སྐབས་བྱེད་ཐབས་འདིའི་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།
   དོན་ཚན་ཉེར་བརྒྱད། ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཞིང་ཆེན་ནམ་རང་སྐྱོང་ལྗོངས་ནང་བསྟན་ཚོགས་པས་གནས་ཚུལ་དངོས་ལ་གཞིགས་ནས་ཞིབ་ཕྲའི་ལག་བསྟར་བྱེད་ཐབས་གཏན་འབེབས་བྱས་ཆོག
   དོན་ཚན་ཉེར་དགུ། བྱེད་ཐབས་འདི་2015ལོའི་ཟླ་6ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ།