བོད་ཡིག་ནང་བསྟན་སློབ་གླིང་གི2016ལོའི་སློབ་གླིང་བར་གྱི་བརྗེ་རེས་ཚོགས་འདུ་ཁྲེན་ཏུའུ་རུ་བསྡུས་པ།

སྤེལ་དུས། 2017-01-23   

          བོད་ཡིག་ནང་བསྟན་སློབ་གླིང་གི་སློབ་གླིང་བར་གྱི་བརྗེ་རེས་ཚོགས་འདུ་ཟླ11པའི་ཚེས3ཉིན་ནས་ཚེས4ཉིན་བར་ཁྲེན་ཏུའུ་རུ་བསྡུས། ཀྲུང་དབྱང་བོད་ལྗོངས་བྱ་བའི་མཐུན་སྦྱོར་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་སི་ཐས་གསུང་བཤད་གལ་ཆེན་གནང་།  སི་ཁྲོན་ཞིང་ཆེན་ཏང་ཨུད་ཀྱི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་པོ་ཧྭ་ཡིས་ཤིས་ཚིག་ཕུལ་བ་དང་།  བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་གཙོ་སྒྲུབ་ཁང﹒ཐུབ་བསྟན་མཁས་གྲུབ་ཀྱིས་སློབ་གླིང་བརྒྱད་ཀྱི་ཚབ་མཛད་དེ་ཤིས་ཚིག་ཕུལ།  ཀྲུང་གོ་བོད་ཡིག་མཐོ་རིམ་སློབ་གླིང་གི་སློབ་གཙོ་གཞོན་པ་ལིའུ་ཕེང་གིས་གྲོས་ཚོགས་ཀྱི་བཀོད་སྒྲིག་སོ་སོ་མཚམས་སྦྱོར་གནང་།   བོད་ལྗོངས་ནང་བསྟན་སློབ་གླིང་དང་ཡན་ལག་སློབ་གླིང་ཁ་ཤས།  སི་ཁྲོན་བོད་ཡིག་ནང་བསྟན་སློབ་གླིང་།  ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་། མཚོ་སྔོན་བོད་ཡིག་ནང་བསྟན་སློབ་གླིང་།  ཡུན་ནན་ནང་བསྟན་སློབ་གླིང་། བདེ་ཆེན་བོད་བརྒྱུད་ནང་བསྟན་གྱི་ཡན་ལག་སློབ་གླིང་།  མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་ནང་བསྟན་སློབ་གྲྭ། ཀྲུང་གོ་བོད་ཡིག་མཐོ་རིམ་ནང་བསྟན་སློབ་གླིང་བཅས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ནང་ཞུགས། 
          ཚང་མས་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱེད་པ་དེ་དུས་ཡུན་རིང་བོའི་ཆབ་སྲིད་ལས་འགན་དུ་བརྩིས་ནས། བསམ་བློ་དང་འགུལ་སྐྱོད་ཀྲུང་དབྱང་གི་བླང་བྱའི་སྟེང་གཅིག་གྱུར་ཡོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་སློབ་སྦྱོང་ནན་ཏན་བྱེད་པ།  ཚན་རིག་ལྟར་ཆོས་ལུགས་ཀྱི“རང་བཞིན་ལྔ”ངོས་འཛིན་པ་བཅས་ཀྱིས།  ཆོས་ལུགས་བྱ་བའི་ངོ་བོ་ཁོང་དུ་ཆུད་པ་དང་།  ལོ་རྒྱུས་ཀྱི་ཟུར་ཚད་ནས་ཆོས་སྲིད་འབྲེལ་བ་ངོས་འཛིན་གསལ་བོ་བྱས་ཏེ།  མངའ་ཁོངས་ཕྱི་ནས་ཆོས་ལུགས་བེད་སྤྱད་དེ་གཏོར་བརླག་གཏོང་བའི་བྱེད་སྒོ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།  སློབ་གྲྭ་སྒྲུབ་པའི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་སྟེང་ནས་རྒྱབ་རྟེན་བྱེད་ཆོག་པ་དང་།  ཆོས་ལུགས་སྟེང་ནས་ཤེས་རྒྱ་ཡངས་པ།  ཀུན་སྤྱོད་སྟེང་ནས་མང་ཚོགས་ཀྱིས་ཁས་ལེན་པ།  གནད་འགག་གི་དུས་སུ་ནུས་པ་ཐོན་པ་བཅས་བྱང་ཚད་མཐོ་བའི་གྲྭ་བཙུན་ཤེས་ཡོན་པ་སྐྱེད་སྲིང་གང་ཐུབ་བྱེད་དགོས་པ།  བོད་ཡིག་ནང་བསྟན་སློབ་གླིང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ།  བོད་བརྒྱུད་ནང་བསྟན་གྱི་རིམ་པ་གསུམ་གྱི་ཤེས་ཡོན་ཐོབ་ཐང་མ་ལག་འཐུས་ཚང་དུ་གཏོང་དགོས་པ་བཅས་ཀྱི་བསམ་འདུན་བསྟན།   ཚང་མས་ད་དུང་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་གྱིས་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ་དང་ལུགས་མཐུན་སྒོས་ལས་བགོ་བྱེད་པ།  རོགས་འདེགས་དམ་ཟབ་བྱེད་པ།  གོ་རིམ་ཡོད་པའི་སྒོ་ནས་སྐུལ་སྤེལ་བྱེད་པ་བཅས་ཀྱིས།  ལོ་གསུམ་གྱི་དུས་ཚོད་ནང་རིམ་པ་གསུམ་གྱི་ཤེས་ཡོན་ཐོབ་ཐང་ལེན་པའི་ཁྲིད་གཞི་མ་ལག་ལེགས་འགྲུབ་འབྱུང་དགོས་པ་དང་།  བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁག་གི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་ཕན་དམངས་ཕན་གྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་ནས།  བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཕྲོད་མཐུན་ཡོང་བར་བྱེད་དགོས་པའི་འདུན་པ་བསྟན།