ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱས་པ།

སྤེལ་དུས། 2016-12-02   

          ཟླ6ཚེས3ཉིན་གྱི་ཕྱི་དྲོར། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་ཟུར་པ་ལིའུ་ཕེང་གིས་ཏང་ཡོན་ལས་བྱེད་པ་དང་དགེ་སློབ་ལས་བཟོ་ཚོའི་སྣེ་ཁྲིད་དེ་ཀྲུང་གོའི་བོད་ལྗོངས་དྲ་བར་ལྟ་སྐོར་དང་ཉམས་མྱོང་སྤེལ་རེས་སུ་ཕེབས་ཤིང་། ཀྲུང་གོའི་བོད་ལྗོངས་དྲ་བས་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་སྔོན་ཐོན་གྱི་ཉམས་མྱོང་དང་བྱེད་ཐབས་ལ་སློབ་སྦྱོང་བྱས་པ་རེད། 
          ཀྲུང་གོའི་བོད་ལྗོངས་དྲ་བའི་སྤྱི་འདོམས་ཡའོ་མའོ་ཁྲེན་གྱིས་མཐོ་རིམ་ནང་བསྟན་སློབ་གླིང་གི་ལྟ་སྐོར་བ་རྣམས་ལ་ཟླ5ཚེས28ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུན་ཁྲུན་ལན་མཆོག་གིས་ཀྲུང་གོའི་བོད་ལྗོངས་དྲ་བར་གཟིགས་ཞིབ་གནང་བའི་གནས་ཚུལ་རྣམས་ངོ་སྤྲོད་གནང་ཞིང་། གཞན་ཡང་ཀྲུང་གོའི་བོད་ལྗོངས་དྲ་བའི་འཕེལ་རྒྱས་ལོ་རྒྱུས་དང་། ད་ལྟའི་གནས་བབས། ལྷག་པར་དུ་ཏང་གི་རྩ་འཛུགས་འཛུགས་སྐྱོང་དང་མི་སྣའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ཀྱི་ལག་རྩལ་ལེགས་བཅོས། རྒྱལ་ཁབ་ཕྱི་ནང་གི་ལྟ་བཤེར་མྱུར་ཚད་མཐོར་འདེགས། དོན་དངོས་ཀྱི་དགོས་མཁོར་གཞིགས་ཏེ། བརྗོད་བྱའི་འཚོལ་སྒྲིག་གི་སྤུས་ཚད་དང་བཤེར་ལྟའི་གྲངས་ཚད་སོགས་མཐོར་འདེགས་བཏང་བའི་གནས་ཚུལ་མཚམས་སྦྱོར་ཞུས། 
          ཚང་མས་ངོས་འཛིན་གསལ་པོ་བྱུང་བར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་ཚོགས་རྗེས། པུའུ་ཀྲང་སུན་ཁྲུན་ལན་དང་ཐོག་མར་ཀྲུང་གོའི་བོད་ལྗོངས་དྲ་བར་གཟིགས་ཞིབ་ཏུ་ཕེབས་པ་ནི་ཀྲུང་དབྱང་དབུ་ཁྲིད་ཀྱིས་བོད་དང་འབྲེལ་བའི་དྲིལ་སྒྲོག་ལས་དོན་ལ་མཐོང་ཤིན་ཏུ་ཆེན་པོ་གནང་གི་ཡོད་པ་དེ་མཚོན་ཡོད། ཀྲུང་གོའི་བོད་ལྗོངས་དྲ་བས་དུས་རབས་ཀྱི་གོམ་བགྲོས་དང་བསྟུན་ཏེ་གསར་སྤེལ་གསར་གཏོད་ཀྱི་སྙིང་སྟོབས་ལ་མཐོ་རིམ་ནང་བསྟན་སློབ་གླིང་གིས་སློབ་སྦྱོང་ཞུ་འོས་སུ་བསྔགས་པ་དང་། མཐོ་རིམ་ནང་བསྟན་སློབ་གླིང་གིས་སྒོ་འབྱེད་སློབ་གཉེར་དང་། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་པ་དྲིལ་སྒྲོག་བྱེད་པ་སོགས་ཀྱི་ལས་དོན་ཐད་ཀྲུང་གོའི་བོད་ལྗོངས་དྲ་བ་སོགས་སྨྱན་སྦྱོར་ཚན་པའི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད། སློབ་གླིང་གི་གཞུང་ཕྱོགས་དྲ་བ་དང་། དུས་དེབ་སོགས་ཀྱི་དྲིལ་སྒྲོག་གླེང་སྟེགས་རྣམས་རང་འགུལ་ངང་ལག་རྩལ་གསར་པའི་འཕེལ་རྒྱས་ཁ་ཕྱོགས་ལ་བསྟུན་དགོས་ཤིང་། རང་སོའི་གནས་སྟངས་ལ་གཞིགས་ཏེ་དྲིལ་སྒྲོག་སྤུས་ཚད་དང་ཕན་འབྲས་གོང་མཐོར་གཏོང་དགོས། མཐོ་རིམ་ནང་བསྟན་སློབ་གླིང་གིས་རང་འགུལ་ངང་ཀྲུང་གོའི་བོད་ལྗོངས་དྲ་བ་སོགས་སྨྱན་སྦྱོར་ཚན་པ་དང་གཞོགས་འདེགས་བྱས་ཏེ། ལྷན་དུ་བོད་འབྲེལ་དྲིལ་སྒྲོག་ལས་དོན་ལེགས་པོ་སྒྲུབ་སྟེ། སྤྱི་ཡོངས་གནས་སྟངས་ལ་ཞབས་འདེགས་ཞུ་དགོས་པའི་ངེས་ཤེས་རྙེད། 
          མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་དང་ལས་བཟོ་རྣམས་དང་། ཀྲུང་གོའི་བོད་ལྗོངས་དྲ་བའི་ལས་སྒོའི་སྡེ་ཚན་གྱི་འགན་འཁུར་མི་སྣ་བཅས་ལྷན་དུ་བོད་འབྲེལ་གླེང་ཕྱོགས་ཀྱི་ལས་དོན་དང་། དྲ་བའི་གྲངས་གཞིར་ཞིབ་འཇུག་བྱེད་པ་སོགས་ཀྱི་ཐད་དུ་ཉམས་མྱོང་སྤེལ་རེས་བྱས་པ་དང་། སློབ་གླིང་གི་དགེ་རྒན་དང་ལས་བྱེད་ལས་བཟོ་ཚོས་མགྲིན་གཅིག་ཏུ་ཀྲུང་གོའི་བོད་ལྗོངས་དྲ་བའི་ལག་རྩལ་གསར་པ་དང་། གནས་ཚུལ་གསར་པ་དག་གིས་ང་ཚོར་བློ་སྒོ་གསར་པ་འབྱེད་ཐུབ་སོང་ཞེས་བརྗོད། སྔ་མ་ཁོ་ཌེའི་ལག་རྩལ་དང་གཞི་གྲངས་ཆེན་མོ་སོགས་ཀྱི་ཐ་སྙད་དག་རང་ཉིད་ཀྱི་ལས་དོན་དང་ཤིན་ཏུ་ཐག་རིང་བའི་ཚོར་བ་བྱུང་མྱོང་མོད། ད་ཐེངས་ཀྱི་ལྟ་སྐོར་སློབ་སྦྱོང་བྱས་རྗེས། ལག་རྩལ་གསར་པ་འདི་དག་དོན་དངོས་སུ་ང་ཚོའི་ལས་དོན་ཁྲོད་དུ་སིམ་འཛུལ་བྱས་པར་མྱོང་ཚོར་ཟབ་མོ་བྱུང་ཞེས་གླེང་། ང་ཚོས་གོམ་གང་མདུན་སྤོས་ཀྱིས་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་རྒྱུས་ལོན་བྱས་ཏེ། བསམ་བློར་བཅིངས་འགྲོལ་བཏང་སྟེ། རང་འགུལ་ངང་ལག་རྩལ་གསར་པར་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ། གནས་ཚུལ་གསར་པར་རྒྱུས་ལོན་གྱིས་བོད་བརྒྱུད་ནང་བསྟན་གྱི་འཐུབ་ཚབ་མི་སྣ་གསོ་སྐྱོང་ལས་དོན་སྒོ་ཀུན་ནས་ཡར་རྒྱས་གཏོང་དགོས་ཞེས་གསུངས། །