མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས་ཚོགས་གཙོ་གྲོས་ཚོགས་འཚོགས་པ།

སྤེལ་དུས། 2016-09-06   

  ཟླ༨པའི་ཚེས༢ཉིན། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ(རྒྱས་འཛོམས)གྲོས་ཚོགས་ཟི་ལིང་དུ་ཚོགས་ཤིང་། ཚོགས་ཐོག་ཏུ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱ་བའི་དགོངས་དོན་དྲིལ་བསྒྲགས་བྱས་པ་དང་། ཞིང་ཆེན་ནང་བསྟན་སློབ་གླིང་གི་གནས་ཚུལ་ཡར་ཞུ་ལ་གསན་པར་མ་ཟད། སློབ་གླིང་གི་སློབ་བསྡུའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་མཛད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རིན་ཆེན་རྣམ་རྒྱལ་དང་མཚན་འཛིན་ཚོགས་གཙོ་གཟིམས་ཁང་ཚང་རྣམ་གཉིས་ཚོགས་འདུ་ཞུགས།

    ཚོགས་གཙོ་རིན་ཆེན་རྣམ་རྒྱལ་ལགས་ཀྱིས་ཞིང་ཆེན་ནང་བསྟན་སློབ་གླིང་གསར་བ་བཞེངས་གྲུབ་བྱུང་བ་འདིའི་སྟེང་ནས་ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་མཚོན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་རྒྱུན་འཛིན་དང་དར་སྤེལ་དུ་བཏང་བ་དོན་ངོ་མས་མཚོན་པར་བྱས། སློབ་གླིང་གིས་སློབ་གླིང་གསར་བ་བཀོལ་སྤྱོད་དང་སློབ་མ་སྡུད་འགོ་བརྩམས་པ་དེས་རྒྱ་ཆེ་བའི་གྲྭ་བཙུན་རྣམ་པས་ནང་དོན་རིག་པ་དང་ཚན་རིག་གི་ཤེས་བྱར་སློབ་སྦྱོང་བྱེད་པའི་ཁ་ཚ་དགོས་གཏུག་གི་འདུན་མོས་བསྐངས་ཤིང་། དགོན་པའི་སྲོལ་རྒྱུན་གྱི་སློབ་གསོ་དང་དེང་རབས་ཀྱི་སློབ་གྲྭའི་སློབ་གསོ་ཟུང་དུ་སྦྲེལ་བ་མངོན་པར་མཚོན་ལ། གཞུང་གི་ཡོན་ཏན་རྒྱས་ཤིང་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་མཁས་པ། སྤྱོད་ལམ་ཚུལ་དང་ལྡན་པ་བཅས་ཀྱི་ནང་བསྟན་ཤེས་ལྡན་པ་སྐོར་ཞིག་སྐྱེད་སྲིང་བྱེད་ངེས་རེད། ས་གནས་སོ་སོའི་ནང་བསྟན་མཐུན་ཚོགས་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་སློབ་བསྡུ་ཐེངས་དང་པོའི་བྱ་བ་ལེགས་པོར་བསྒྲུབ་པ་དང་། སློབ་འགོ་བདེ་བླག་ངང་རྩོམ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། ཚོགས་མི་རྣམ་པ་ད་དུང་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་གསར་བར་ཆེད་དུ་ཕེབས་ནས་གཟིགས་ཞིབ་གནང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་དང་གྲོང་ཁྱེར་དང་ཁུལ་སོ་སོའི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། དྲུང་ཡིག་ཆེན་མོ་སོགས་མི་སྣ༤༠ལྷག་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཟིགས་ཞིབ་ལ་ཕེབས།