སྐབས་གཉིས་པའི་དགོན་སེར་གླེང་སྟེགས་པེ་ཅིན་དུ་འཚོག་པ།

སྤེལ་དུས། 2016-09-01   

  སྐབས་གཉིས་པའི་དགོན་སེར་གླེང་སྟེགས་ཟླ་བ་9ཚེས་23ནས་ཚེས་24བར་པེ་ཅིན་དགོན་སེར་ནུབ་མར་གཟབ་རྒྱས་ངང་འཚོག་པ་རེད། ཚོགས་བཞུགས་ཀྱི་བོད་བརྒྱུད་ནང་བསྟན་བླ་མ་སྐྱེས་ཆེན་དགེ་བའི་བཤེས་གཉེན་དང་ཆེད་མཁས་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་གི་མཇལ་ཞུ་དང་ལེན་གནང་སྐབས་སུ་བཏོན་གནང་བའི་“བོད་བརྒྱུད་ནང་བསྟན་ཆོས་ཀྱི་དགོངས་པའི་ཁྲོད་ཀྱི་སྡིག་སྤོང་དགེ་སྒྲུབ་དང་། འདྲ་མཉམ་བློ་ཡངས། དབུལ་སྐྱོར་རྒྱུད་སྐྱོབ་སོགས་ཀྱི་དགེ་མཚན་ལྡན་པའི་བསམ་བློ་དར་སྤེལ་གཏོང་དགོས་”ཞེས་པའི་བླང་བྱར་མཐའ་སྐོར་ནས་བོད་བརྒྱུད་ནང་བསྟན་གྱི་དགོངས་པ་དང་རིག་གནས་ལ་འགྲེལ་པ་ཇི་ལྟར་བྱེད་དགོས་ཚུལ་ཐད་གྲོས་བསྡུར་གནང་བ་རེད།
  སྐབས་འདིའི་དགོན་སེར་དཔྱད་གླེང་ཚོགས་འདུ་ཉིན་གཉིས་འཚོག་པ་དང་། ཁྱོན་བསྡོམས་གཏམ་བཤད་ཚོགས་འདུ་ཐེངས་བཞི་འཚོག་ཅིང་། རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་ཆེད་མཁས་པ་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣ་ཁྱོན་བསྡོམས་57གྱིས་“དགོན་སེར་ནུབ་མ་དང་བོད་བརྒྱུད་ནང་བསྟན་གྱི་རིག་གནས་”ཞེས་པའི་ཚོགས་འདུའི་བརྗོད་གཞིར་དམིགས་ནས། བོད་རིག་པ་དང་། ཆོས་ལུགས། ལོ་རྒྱུས། འཛུགས་སྐྲུན། རྩོམ་རིག གནའ་རྫས་རྟོག་ཞིབ་སོགས་ཀྱི་ཐད་ནས། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་འཕེལ་རིམ་དང་། རིག་གནས་རྒྱུན་འཛིན་དང་དར་སྤེལ། ཆོས་ཀྱི་དགོངས་དོན། གྲུབ་མཐའི་བསམ་བློ་སོགས་ཀྱི་ཐད་ལ་རང་རང་གི་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་གླེང་ཡོད་པ་དང་། ཁྱོན་བསྡོམས་དཔྱད་རྩོམ་30ལྷག་ཚོགས་འདུའི་ཐོག་གཏམ་བཤད་གནང་སྟེ། བོད་བརྒྱུད་ནང་བསྟན་དགོངས་པ་དང་རིག་གནས་ཁྲོད་ཀྱི་དགེ་མཚན་ལྡན་པའི་བསམ་བློ་སྔོག་འདོན་དང་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་ཡོད།
  ཚོགས་འདུའི་ཐོག བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་དགེ་བའི་བཤེས་གཉེན་རྣམས་ཀྱིས་ད་སྐབས་སྤྱི་ཚོགས་ཐོག་ཐོན་པའི་བླ་སྤྲུལ་རྫུན་མ་དང་དགེ་འདུན་པ་རྫུན་མ་རྣམས་ཀྱི་ཚུལ་མིན་བྱ་སྤྱོད་ལ་སུན་འབྱིན་བྱས་ཡོད་དེ། བོད་ལྗོངས་ལྷོ་ཁ་སྨིན་གྲོལ་གླིང་དགོན་པའི་དགེ་འདུན་པ་མཐོ་རམས་པ་བཀྲ་ཤིས་དབང་འདུས་ཀྱིས་དཔྱད་གླེང་ཚོགས་འདུའི་ཐོག་《བདེན་རྫུན་བླ་སྤྲུལ་ཤན་འབྱེད་ནས། ནང་ཆོས་ངོ་མའི་དཔལ་ལ་རོལ།》ཞེས་པའི་གཏམ་བཤད་སྤེལ་བ་དང་། ཁོང་གིས་བླ་སྤྲུལ་དང་དགེ་འདུན་པ་རྫུན་པ་རྣམས་ཀྱིས་ནང་ཆོས་ཀྱི་ངོ་འབག་གྱོན་ཏེ་སྡོམ་ཁྲིམས་དང་རྒྱལ་ཁྲིམས་ལས་འགལ་བའི་ཚུལ་མིན་གྱི་བྱ་སྤྱོད་སྣ་ཚོགས་སྤེལ་བ་ཡིས་བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་བརྫད་པ་མ་ཟད་སྟོན་པའི་ཞབས་འདྲེན་གྱི་ཡོད་པར་བརྟེན། དད་ལྡན་པ་རྣམས་ཀྱིས་བདེན་རྫུན་གྱི་དབྱེ་བ་ཆོད་པ་བྱས་ཏེ་བླ་སྤྲུལ་རྫུན་པའི་མགོ་སྐོར་འོག་མི་ཚུད་པའི་དོགས་ཟོན་བྱེད་དགོས་ཚུལ་གླེང་ཡོད་པ་རེད།
  ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་སློབ་མ་ཁྲུའུ་ཡི་དགེ་རྒན་སྐལ་བཟང་དབྱིག་གཉེན་གྱིས་ཚོགས་འདུའི་ཐོག ཉེ་བའི་ལོ་ཤས་རིང་བོད་ཀྱི་ས་ཁུལ་འགའ་ཞིག་ཏུ་ཆོས་ལུགས་རང་ངོས་ཀྱི་དོ་དམ་བྱེད་ཤུགས་ལྷོད་གཡེང་ཏུ་སོང་ནས་ཚུལ་དང་མི་མཐུན་པའི་སྣང་ཚུལ་ཐོན་ཡོད་སྐོར་གླེང་བ་དང་། ལྷག་པར་དུ་བླ་སྤྲུལ་རྫུན་མ་སོགས་ཀྱིས་ཁྲིམས་འགལ་གྱིས་སློབ་མ་བསྡུ་བ་དང་ཆོས་སྤེལ་བ་སོགས་ཀྱི་བྱ་སྤྱོད་རྟག་ཏུ་ཐོན་གྱི་ཡོད་པས། དེས་བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་ལ་གནོད་སྐྱོན་ཚབས་ཆེན་བཟོས་པ་མ་ཟད། ནང་ཆོས་ཀྱི་དགོངས་པ་ལས་འགལ་བ་དང་སྤྱི་ཚོགས་ཞི་མཐུན་ལ་གནོད་སྐྱོན་བཟོ་བའི་སྣང་ཚུལ་དེ་རིགས་མཐོང་སྐབས། རང་ཉིད་ཤཱཀྱའི་རྗེས་འཇུག་པ་ཞིག་ཡིན་པའི་ངོས་ནས་སེམས་སྡུག་ཚད་མེད་ཡོད་ཚུལ་བཤད་ཡོད། ཁོང་གིས་འབྲེལ་ཡོད་ཚན་པས་ཁྲིམས་འགལ་བྱ་སྤྱོད་དེ་རིགས་ལ་ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་རྒྱུའི་གྲོས་འགོ་བཏོན་གནང་བ་མ་ཟད། བོད་བརྒྱུད་ནང་བསྟན་ལ་དོ་བཀུར་གནང་མཁན་གྱི་མི་སྒེར་དང་སྤྱི་ཚོགས་ཀྱི་ཚོགས་པ་ཚང་མས་ནང་ཆོས་ཀྱི་མིང་འཁྱེར་ནས་གང་སར་མགོ་བསྐོར་བློ་བྲིད་གཏོང་མཁན་རྣམས་ལ་རྡུང་རྡེག་དང་སུན་འབྱིན་བྱེད་ནས་བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་སྲུང་སྐྱོང་བྱ་རྒྱུའི་འབོད་སྐུལ་ཡང་གནང་བ་རེད།
  “དགོན་སེར་གླེང་སྟེགས་”ནི་བོད་བརྒྱུད་ནང་བསྟན་རིག་གནས་ཞིབ་འཇུག་དང་རིག་གཞུང་གྲུབ་འབྲས་གསར་ཤོས་འགྲེམས་སྟོན་དང་ཆ་འཕྲིན་དྲིལ་བསྒྲགས་བྱེད་པའི་སྟེགས་བུ་ཞིག་ཡིན་ཏེ། བོད་བརྒྱུད་ནང་བསྟན་གྱི་རིག་གནས་སྲུང་སྐྱོབ་དང་སྤེལ་རེས་བྱེད་པ་དང་། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་རིགས་སྟོབས་ཀྱི་རྒྱབ་སྐྱོར་བྱས་ནས། རྒྱ་ཆེ་ལ་ཕྱོགས་ཚང་བའི་རིག་གནས་སྤེལ་རེས་དང་རིག་གཞུང་ཞིབ་གྲོས་བྱེད་པ་བརྒྱུད། རྒྱལ་ནང་གི་བོད་རིག་པའི་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། བོད་བརྒྱུད་ནང་བསྟན་གྱི་རིག་གནས་ལ་དགོངས་འགྲེལ་དང་ཞིབ་འཇུག དེ་བཞིན་ཁྱབ་སྤེལ་དང་སྤེལ་རེས་བཅས་ལ་སྐུལ་འདེད་བཏང་སྟེ། བོད་བརྒྱུད་ནང་བསྟན་གྱི་དགོངས་པ་དང་རིག་གནས་ལ་དགོངས་འགྲེལ་བྱེད་པ་ཡིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་བའི་རིན་ཐང་ལྟ་བ་བསྐྱེད་བསྲིངས་དང་ལག་བསྟར་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་བཅས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན།
  ཐེངས་འདིའི་དགོན་སེར་དཔྱད་གླེང་ཚོགས་འདུ་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་གཙོ་གཉེར་བྱེད་པ་དང་། ཚོགས་ཞུགས་བླ་མ་སྐྱེས་ཆེན་དགེ་བའི་བཤེས་གཉེན་བཅས་ཆོས་ལུགས་མི་སྣ་དང་རིག་གཞུང་ཚན་ཞིབ་སྡེ་ཁག་གི་ཆེད་མཁས་པ་སོགས་ཀྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བོད་བརྒྱུད་ནང་བསྟན་ལས་དོན་ཐད་ལ་བཏོན་པའི་བླང་བྱ་གཞིར་བཟུང་། བོད་བརྒྱུད་ནང་བསྟན་གྱི་དགོངས་པ་དང་རིག་གནས་ལ་འགྲེལ་པ་ཧུར་ཐག་རྒྱག་པ་དང་། བོད་བརྒྱུད་ནང་བསྟན་དགོངས་པའི་ཁྲོད་ཀྱི་སྡིག་སྤོང་དགེ་སྒྲུབ་དང་། འདྲ་མཉམ་བློ་ཡངས། དབུལ་སྐྱོར་རྒུད་སྐྱོབ་སོགས་ཀྱི་དགེ་མཚན་ལྡན་པའི་དགོངས་པ་དར་སྤེལ་བཏང་ནས། བོད་འབྲེལ་ཁྱབ་ཁོངས་ཀྱི་ཞིབ་འཇུག་གྲུབ་འབྲས་གསར་ཤོས་གཅིག་བསྡུས་ཀྱིས་དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་རིག་གནས་དགོངས་འགྲེལ་ལ་བསམ་བློའི་རྨང་གཞི་མཁོ་འདོན་དང་ལག་ལེན་དངོས་ཀྱི་ཉམས་མྱོང་གསོག་འཇོག་བྱས་ཡོད་ཅིང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། ཕུན་སུམ་ཚོགས་པའི་བསམ་བློ་དང་རིག་གཞུང་གྲུབ་འབྲས་ཕན་ཚུན་སྤེལ་རེས་བྱས་ཏེ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་ཡོད།