ནང་བསྟན་སློབ་གླིང་གི་སློབ་གཉེར་བ་ཚོས་པེ་ཅིང་གི་གོང་མའི་ཕོ་བྲང་གི་རིག་དངོས་ལ་ཐོག་མར་མཇལ་བ།

སྤེལ་དུས། 2016-12-28   

          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “དེ་རིང་ང་ཚོ་མཉམ་དུ་སླེབས་པའི་ས་ཆ་འདི་ནི། གནའ་བོའི་ཕོ་བྲང་འདིའི་ཆེས་ལྐོག་གྱུར་དང་ངོ་མཚར་ཆེ་བའི་ཁུལ་ཞིག་ཡིན་ཞིང་། གཅིག་ནི། འདི་ནི་ཕྱི་ལོགས་སུ་སྒོ་འབྱེད་ཀྱི་མེད་པས། སྤྱིར་བཏང་གི་གཟིགས་སྐོར་བར་མཇལ་བའི་བགོ་སྐལ་མེད། གཉིས་ནི། འདི་ནི་ཕོ་བྲང་རྙིང་པའི་བོད་བརྒྱུད་ནང་བསྟན་གྱི་ལས་འགུལ་སྤེལ་སའི་ལྟེ་བའི་ས་ཁོངས་ཤིག་ཡིན་ལ། ཆིང་རྒྱལ་རབས་ཀྱི་གོང་མས་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་ཕྱག་ལེན་ཞུ་སའི་གནས་ཡུལ་ནི་འདི་ག་རང་དུ་འདུག”ཅེས་ཟླ་12ཚེས་12ཉིན། གནས་ཡུལ་དངོས་ཀྱི་སློབ་ཁྲིད་ཅིག་གིས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་ཕེབས་པའི་འབྲིང་རིམ་མམ། མཐོ་རིམ་ཡོན་གནས་འཛིན་གྲྭའི་སློབ་མ་80ལྷག་གི་ཡིད་ཀྱི་བརྟན་པ་འཕྲོག་ཅིང་། གོང་མའི་ཕོ་བྲང་འདིར་ཞབས་ཀྱིས་བཅག་སྟེ། རྔམས་མཐུག་པའི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དེབ་ཐེར་ཞིག་ལ་ཀློག་པ་དང་ཨ་ན་མ་ན་རེད།

          ཁྲུན་ཧྭ་སྒོ་ཆེན་བརྒལ་ཏེ། ཆར་གྱི་མེ་ཏོག་ཐོག་ཁང་ལྟེ་བར་བྱས་པའི་སྒོ་རའི་ནང་དུ། གོང་མའི་ཕོ་བྲང་བཤམས་སྟོན་གླིང་གི་ཕོ་བྲང་སྡེ་ཁག་གི་ཆོས་ལུགས་རིག་དངོས་ཁོ་ཡི་ཁོ་ཀྲང་ཝིན་མིང་གིས་སློབ་གཉེར་བ་ཚོར་གསུངས་པར། “ཆར་གྱི་མེ་ཏོག་ཐོག་ཁང་ནི་གོང་མའི་ཕོ་བྲང་ནང་གི་བོད་བརྒྱུད་ནང་བསྟན་གྱི་ཚབ་མཚོན་འཛུགས་སྐྲུན་དེ་ཡིན་པ་དང་། ཆིའན་ལུང་ཁྲི་ལོ་བཅུ་བཞི(1749)པར་བསྐྲུན་ཞིང་། ཐོག་ཁང་གི་ཕྱི་ལོགས་ནས་བལྟས་ཚེ། ཐོག་བརྩེགས་གསུམ་གྱི་རྣམ་པར་མངོན་ཡང་། དོན་དུ་འདི་ཉིད་ནི་ཐོག་བརྩེགས་བཞིའི་བདག་ཉིད་ཅན་དུ་གྲུབ་གཤིས། ལྐོག་ཆེ་མངོན་ཆུང་གི་སྒྲིག་གཞི་ཞིག་ཏུ་གྲུབ་ཡོད། ཆར་པའི་མེ་ཏོག་ཐོག་ཁང་ནི་བོད་ལྗོངས་མངའ་རིས་མཐོ་ལྡིང་དགོན་གྱི་གསེར་གྱི་འདུ་ཁང་ལ་དཔེ་བལྟས་ཏེ་གྲུབ་གཤིས། མཚོ་སྔོན་གྱི་ལྕང་སྐྱ་སྐུ་ཕྲེང་གསུམ་པའི་མཛུབ་སྟོན་འོག་བཞེངས་སྐྲུན་བྱས་པ་ཞིག་རེད”ཅེས་གསུངས། ཁོང་ནས་ངོ་སྤྲོད་གནང་བར། ཆར་གྱི་མེ་ཏོག་ཐོག་ཁང་གི་ཐོག་བརྩེགས་བཞི་ཡིན་པ་དེའི་མཚོན་དོན་ནི་བོད་བརྒྱུད་ནང་བསྟན་གསང་སྔགས་ཉམས་ལེན་བྱེད་པའི་ལམ་གྱི་རིམ་པ་བཞི་བརྒྱུད་དགོས་པའི་དོན་མཚོན་ཞིང་། དེའང་། བྱ་རྒྱུད། སྤྱོད་རྒྱུད། རྣལ་སྦྱོར་རྒྱུད། རྣལ་སྦྱོར་བླ་མེད་ཀྱི་རྒྱུད་བཅས་སོ། ། ད་ལྟའང་འདི་གར་སྤྱིའི་ཆ་ནས་ཆའན་ལུང་དུས་སྐབས་ཀྱི་རྣམ་པ་རང་དུ་གནས་ཡོད་ཅིང་། ཆིང་རྒྱལ་རབས་དུས་ཀྱི་དགོན་ཁང་གི་རྣམ་པ་རྣལ་མ་སོར་འཇོག་བྱས།
          སྒོ་ར་འདི་གར་མངོན་གསལ་དོད་པའི་འཛུགས་སྐྲུན་གཉིས་ཡོད་པ་སྟེ། སོ་སོར་ཆར་པའི་མེ་ཏོག་ཐོག་ཁང་གི་ཤར་རྩེ་དགོན་ཁང་དང་ནུབ་རྩེ་དགོན་ཁང་གཉིས་སོ།། ཝིན་མིང་ནས་འགྲེལ་བརྗོད་གནང་བར། ཤར་རྩེའི་དགོན་ཁང་དུ་ལྕང་སྐྱ་སྐུ་ཕྲེང་གསུམ་པའི་སྐུ་འདྲ་དང་། ནུབ་རྩེའི་དགོན་ཁང་དུ་པཎ་ཆེན་སྐུ་ཕྲེང་དྲུག་པའི་སྐུ་འདྲ་བཅས་བཞུགས་སུ་གསོལ་ཡོད། སྐུ་འདྲའི་དགོན་ཁང་ནི་ཆེད་དུ་སྐུ་གཤེགས་ཟིན་པའི་སྐྱེས་ཆེན་དམ་པར་སྐུ་འདྲ་དང་འདྲ་པར་བཞུགས་གསོལ་དུ་ཕྱག་བཏབ་པ་དང་། “འདི་ལས་ཆའན་ལུང་དུས་སྐབས་ཀྱི་དགེ་ལུགས་པའི་ཆེས་གལ་ཆེ་བའི་བླ་ཆེན་གཉིས་ལ་འདི་གར་ཟང་ཟིང་གི་བདག་རྐྱེན་དཔག་མེད་ཐོབ་པ་གསལ་བཤད་བྱས་ཡོད།”ཅེས་གསུངས།
          འབྲེལ་ཡོད་ཀྱི་ལོ་རྒྱུས་རྒྱུ་ཆ་ལས་གསལ་བར། དཀྱིལ་གྱི་འདུ་ཁང་འདི་ཉིད་ལྟེ་བར་བྱས་ཏེ། ལྷོ་ནས་བྱང་དུ་སོ་སོར་གནས་པ་དག་ནི་ཆར་གྱི་མེ་ཏོག་ཐོག་ཁང་། སྔགས་ཆོས་ཐོག་ཁང་། པའོ་ཧྭ་དགོན་ཁང་བཅས་བོད་བརྒྱུད་ནང་བསྟན་གྱི་དགོན་པ་བཅུ་གྲངས་ཡོད་པ་དང་། འདི་ཉིད་ནི་གོང་མའི་ཕོ་བྲང་ནང་གི་དགོན་ཁང་རྐྱང་པ་ལས་གྲུབ་པའི་འཛུགས་སྐྲུན་གྱི་ཚོགས་དེ་ཡིན། ཆིང་རྒྱལ་རབས་ཀྱི་ཡིག་ཚགས་ནང་དུ་ཡོངས་ཁྱབ་ཏུ“དགོན་ཁང་དཀྱིལ་མ”ཞེས་སུ་འབོད། གོང་མའི་ཕོ་བྲང་རྙིང་པའི་ནང་གི་ད་ཡོད་ནང་བསྟན་དགོན་ཁང་དག་རྒྱུན་རིང་སྒོ་གཏན་པའི་ཚུལ་གནས་ཤིང་། དེ་དག་ཁྲོད་ཀྱི་དགོན་ཁང་དགུའི་ནང་གི་བཀོད་པ་ཡོད་ཚད་སྔར་གྱི་རྣམ་པ་ཇི་ལྟ་བ་བཞིན་བཞག་ཡོད་པས་མིང་ཡང“སྔར་སོར་དགོན་ཁང”ཞེས་སུ་འབོད། ཆར་གྱི་མེ་ཏོག་ཐོག་ཁང་ནི་དེ་དག་ཁྲོད་ཀྱི་གཅིག་ཡིན་ཞིང་། ཕོ་བྲང་ནང་གི་སྔགས་ཁང་ཆེ་ཤོས་དེར་བགྲང་འོས། 
          དེ་རིང་ལས་དོན་མི་སྣའི་སྣེ་ཁྲིད་འོག་ཏུ་སློབ་གཉེར་བ་རྣམས་པའོ་ཧྭ་འདུ་ཁང་གི་ཐང་ཆུང་ངུའི་ཐོག་ཏུ་ཐོན་ཡོད་པ་རེད། “འདི་གར་དུས་ཡུན་ཤིན་ཏུ་རིང་པོའི་ནང་དུ་དེ་རིང་ལྟར་བླ་སྤྲུལ་མང་པོ་འདི་འདྲ་སླེབས་མ་མྱོང་། དེ་རིང་འདི་གར་འཆད་ཉན་དུ་ཕེབས་པ་ནི་ཤིན་ཏུ་ལེགས་པའི་ལོ་རྒྱུས་ཀྱི་རྟོག་ཞིབ་ཐེངས་ཤིག་རེད”ཅེས་ཝིན་མིང་ནས་ངོ་སྤྲོད་གནང་ཞོར། ཆིང་རྒྱལ་རབས་ཀྱི་སྐབས་སུ་ལོ་ལྟར་ལུགས་རྙིང་གི་ཟླ་བ་བཅུ་གཉིས་པའི་ནང་དུ་འདི་གར་སྦྲ་གུར་མང་པོ་ཕུབ་སྟེ། པེ་ཅིང་དུ་བརྟན་བཞུགས་མཛད་པའི་བླ་མ་ནས་ཆོ་ག་སྤེལ་ཞིང་།གོང་མའི་ཚེ་བསོད་ཞབས་པད་བརྟན་པའི་སྨོན་ལམ་འདེབས་པ་རེད། དེར་བརྟེན་འདི་གར་ལོ་རྒྱུས་ཀྱི་ངོས་ནས་གོང་མ་དང་བླ་ཆེན་རྣམས་གདན་བཞུགས་མཛད་དེ་ཆོས་ལུགས་ཆོ་ག་སྤེལ་ས་ཆེས་གལ་ཆེན་ཞིག་ཏུ་གྱུར་ཡོད་གསུངས།
“1923ལོར་གོང་མའི་ཕོ་བྲང་རྙིང་མར་མེ་སྐྱོན་ཆེན་པོ་ཞིག་ཐེབས་ཏེ། བདེ་འཛུགས་ཕོ་བྲང་ནས་འདིའི་བར་དུ་བསྲེགས་པས། ང་ཚོའི་མིག་མདུན་གྱི་ཤིང་སྡོང་གི་ཤུལ་དག་ཀྱང་དེ་དུས་མེ་སྐྱོན་གྱི་ཤུལ་རྗེས་རེད་ཟེར། འདི་གར་པའོ་ཧྭ་འདུ་ཁང་བདག་ཉར་ཐུབ་པ་མ་གཏོགས། གཞན་བྱང་ཕྱོགས་ཀྱི་འཛུགས་སྐྲུན་ཡོད་ཚད་ས་སྟོང་དུ་བཏང་བ་རེད། སྤྲིན་ངད་སྡིངས་ཁང་གི་མཐོ་ཚད་ལ་རྨིད་2ལྷག་ཡོད་པའི་གསེར་གྱི་མཆོད་རྟེན་ཡང་སྲེག་ཟའི་དབང་དུ་གྱུར་བས། ནང་ལོགས་ཀྱི་གྱོང་གུད་ཐེབས་པའི་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་གྲངས་འབོར་འབུམ་གཅིག་ལྷག་ཟིན་ཡོད།”ཅེས་གསུངས། ཁོང་ནས་གསུངས་པར། “མིག་སྔར་ང་ཚོས་མཐོང་ཐུབ་པའི་འཛུགས་སྐྲུན་འདི་དག་སྤྱི་ལོ་2006ལོ་ནས་སྤྱི་ལོ་2012ལོའི་བར་དུ་བསྐྱར་བཞེངས་བྱས་པ་ཤ་སྟག་ཡིན་ཞིང་། འདི་གར་གོང་མའི་ཕོ་བྲང་རྙིང་མའི་བཤམས་སྟོན་གླིང་གི་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་ཞིབ་འཇུག་ཁང་གསར་དུ་དབུ་བརྙེས་ཤིང་། དཔེ་མཛོད་ཁང་དང་། གྲོས་ཚོགས་ཁང་། འགྲེམ་སྟོན་ཁང་བཅས་གསུམ་ལས་གྲུབ་ཡོད།”
          ཟླ་12ཚེས་8ནས་ཚེས་9ཉིན་བར། སྐབས་གསུམ་པའི་དགོན་སེར་དཔྱད་གླེང་ཚོགས་འདུ་པེ་ཅིང་གི་ནུབ་གནས་དགོན་སེར་དུ་འཚོགས་ཤིང་། ཐེངས་འདིའི་དགོན་སེར་གླེང་སྟེགས་ནི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་། པེ་ཅིང་གོང་མའི་ཕོ་བྲང་རྙིང་མའི་བཤམས་སྟོན་གླིང་གཉིས་ནས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། དེའང“བོད་བརྒྱུད་ནང་བསྟན་གྱི་རིག་གནས། དགོན་སེར་དང་གོང་མའི་ཕོ་བྲང་།”ཞེས་པའི་བརྗོད་གཞིའི་ཐོག་ནས་བགྲོ་གླེང་བྱས་པས།དོན་སྙིང་ཤིན་ཏུ་ཆེན་པོ་ལྡན་པར་སེམས། དེའི་སྔོན་དུ་ཕོ་བྲང་རྙིང་མའི་བཤམས་སྟོན་གླིང་གི་གླིང་གཙོ་ཏེན་ཆི་ཞང་ནས་ཀྱང་བརྗོད་མྱོང་བར། ང་ཚོས་ཕོ་བྲང་རྙིང་མའི་བཤམས་སྟོན་ཁང་འདི་ཉིད་རང་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཤིག་ཏུ་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ལས་འབྲེལ་མི་སྣ་དག་དང་གཏིང་ཟབ་པའི་ངང་ནས་བསམ་བློ་སྤེལ་རེས་དང་། གཞི་རྒྱ་ཆེ་བའི་ངང་ནས་མཉམ་ལས་བསྒྲུབ་སྟེ། ཕོ་བྲང་རྙིང་མའི་ཡིག་ཚགས་རིག་དངོས་དང་། གལ་ཆེའི་རྒྱུ་ཆ་སྔོག་འདོན་བྱས་ཏེ། གྲུབ་འབྲས་གསར་པ་མུ་ནས་མུ་རུ་འགྲེམ་སྤེལ་བྱེད་དགོས་ཞེས་གསུངས་སོ། །