ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་བདུན་པ་གཙོ་སྐྱོང་གནང།

སྤེལ་དུས། 2016-12-13   

          ཟླ་12ཚེས9ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་རྒྱལ་ལོ་རྒྱུས་ཐོག་གི་ཁྲིམས་བཞིན་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་སྐྱོང་བའི་སྐོར་ལ་སློབ་སྦྱོང་ཐེངས་སོ་བདུན་པ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ཁྲིམས་སྐྱོང་ནི་ཚད་གཞི་ཞིག་ཡིན་པས་དུས་གང་རུང་ཚང་མར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པ་དང་། ཀུན་སྤྱོད་ནི་རྨང་རྡོ་ལྟ་བུ་ཞིག་ཡིན་པས་དུས་གང་རུང་ཚང་མར་སྣང་ཆུང་བྱེད་མི་ཉན། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ང་ཚོས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཐབས་ཇུས་དང་ཁྲིམས་བཞིན་སྲིད་འཛིན་པའི་གཞི་རྩའི་བྱ་ཐབས་དོན་འཁྱོལ་ཡག་པོ་བྱས་ནས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ཡག་པོ་བྱེད་པར་ངེས་པར་དུ་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ནང་ཁྲིམས་བཞིན་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་སྐྱོང་རྒྱུ་ཕན་ཚུན་གསབ་རེས་དང་། ཕན་ཚུན་སྐུལ་འདེད། ཕན་ཚུན་སྤེལ་རེས་བཅས་ཐུབ་པ་བྱས་ཐོག་རྒྱལ་ཁབ་སྐྱོང་བའི་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་བཅའ་ཁྲིམས་ལོ་རྒྱུས་རིག་པ་ཞིབ་འཇུག་ཁང་གི་ཡོན་ཀྲང་དང་དགེ་རྒན་ཆེ་མོ་བ་ཀྲུའུ་ཡུང་གིས་གནད་དོན་དེའི་ཐད་འཆད་འགྲེལ་གནང་བ་དང་འབྲེལ་བསམ་འཆར་དང་གྲོས་འགོའང་བཏོན་པ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམ་པས་འཆད་འགྲེལ་ནན་ཏན་གསན་པ་དང་འབྲེལ་འབྲེལ་ཡོད་གནད་དོན་ཐད་གྲོས་བསྡུར་གནང་བ་རེད། ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས། བཅའ་ཁྲིམས་ནི་ཡིག་ཐོག་ཏུ་འཁོད་པའི་ཀུན་སྤྱོད་ཅིག་ཡིན་པ་དང་ཀུན་སྤྱོད་ནི་སེམས་ནང་གི་བཅའ་ཁྲིམས་ཤིག་རེད། བཅའ་ཁྲིམས་དང་ཀུན་སྤྱོད་གཉིས་ཀར་སྤྱི་ཚོགས་ཀྱི་བྱེད་སྤྱོད་ཚད་ལྡན་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འབྲེལ་བ་འདུམ་འགྲིག་བྱེད་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ནུས་པ་ལྡན་ཡོད་པས་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ནང་གཉིས་ཀར་དེའི་གནས་བབ་དང་ནུས་པ་ལྡན་ཡོད། ཁྲིམས་སྐྱོང་ལ་བརྟེན་ནས་གནམ་འོག་བདེ་ལ་འཁོད་པར་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སེམས་འགུག་ཐབས་བྱེད་ཅེས་པ་ལྟར་བཅའ་ཁྲིམས་ལག་བསྟར་ནུས་ལྡན་བསྟར་ཐུབ་མིན་དེ་ཀུན་སྤྱོད་ཀྱི་རྒྱབ་སྐྱོར་ལ་བརྟེན་དགོས་པ་དང་། ཀུན་སྤྱོད་ལག་ལེན་བསྟར་རྒྱུའང་བཅའ་ཁྲིམས་ཀྱི་གཅུན་འདོམས་དང་ཡང་ཁ་འབྲལ་ཐབས་མེད། ཁྲིམས་བཞིན་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་སྐྱོང་རྒྱུ་ཁ་འབྲལ་ཐབས་མེད་ལ་ཕྱོགས་གཅིག་ལས་མི་འཛིན་པ་བྱ་རྒྱུ་མེད་པས་རྒྱལ་ཁབ་སྐྱོང་བར་བཅའ་ཁྲིམས་དང་ཀུན་སྤྱོད་གཉིས་ཀྱིས་མཉམ་དུ་ནུས་པ་འདོན་སྤེལ་བྱེད་དགོས་ཀྱི་རེད་ཅེས་མཛུབ་སྟོན་གནང་བ་རེད།
          ཞིས་ཅིན་ཕིང་གིས། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ང་ཚོས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་འབྲས་ཐོན་པའི་ཉམས་མྱོང་དང་བསླབ་བྱ་ནན་པོར་ཕྱོགས་སྡོམ་གཏིང་ཟབ་བྱས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་དེ་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཐབས་ཇུས་སུ་གཏན་འཁེལ་བྱས་པ་དང་ཁྲིམས་བཞིན་སྲིད་འཛིན་རྒྱུ་དེ་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་གཞི་རྩའི་བྱེད་ཐབས་སུ་གཏན་འཁེལ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་ཡོད། འགྲོ་ལམ་དེའི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ནི་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ཁྲིམས་བཞིན་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་སྐྱོང་རྒྱུ་གཉིས་ཀར་དམ་འཛིན་བྱེད་པ་དང་གཉིས་ཀར་དམ་འཛིན་ནན་པོ་བྱེད་དགོས་པའི་ནན་བཤད་བྱས་པ་དེ་ཡིན། དེ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པ་ཞིག་ཡིན་ལ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་བྱས་པ་ཞིག་ཀྱང་རེད་ཅེས་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས། ཁྲིམས་སྐྱོང་ལ་འདེགས་སྐྱོར་བྱེད་པའི་ཀུན་སྤྱོད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་རྒྱུ་ཕན་ཚུན་ཟུང་འབྲེལ་བྱེད་པར་ཀུན་སྤྱོད་ཀྱི་སློབ་གསོ་བློ་འགུག་གི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་གྱིས་སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་ཚད་གཞི་མཐོ་རུ་བཏང་སྟེ་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུར་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་མཛུབ་སྟོན་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཀུན་སྤྱོད་ཀྱི་བླང་བྱ་དེ་ཁྲིམས་སྐྱོང་འཛུགས་སྐྱོང་ནང་ལག་བསྟར་བྱེད་དགོས། ཁྲིམས་སྐྱོང་ལ་བརྟེན་ནས་ཀུན་སྤྱོད་བསྟན་ན་ཀུན་སྤྱོད་ལ་གཞིགས་ནས་བློས་འགེལ་ཆོག་པའི་ལམ་ལུགས་ཀྱི་འདེགས་སྐྱོར་ལྡན་ཡོད། བཅའ་ཁྲིམས་ཁྲིམས་སྲོལ་ཐད་མངོན་གསལ་དོད་པའི་ཀུན་སྤྱོད་ཀྱི་སྟོན་ཕྱོགས་བཏོད་དེ་སྤྱོད་གཙང་དང་དྲང་བདེན་གྱི་བྱ་སྤྱོད་དང་། ཁྲིམས་འཛུགས། ཁྲིམས་བསྟར། ཁྲིམས་འཛིན་བཅས་ཚང་མར་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་བླང་བྱ་དར་སྤེལ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེའི་ནང་ཁྱབ་པར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དེ་མཆོག་གྱུར་བཅའ་ཁྲིམས་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས། ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་ཀུན་སྤྱོད་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་བྱེད་དགོས། བཅའ་ཁྲིམས་ནི་མཐའ་ཚད་ཀྱི་ཀུན་སྤྱོད་ཅིག་ཡིན་ལ་ཀུན་སྤྱོད་ཀྱི་འགན་ལེན་ཡང་རེད། དེར་བརྟེན་འབྲེལ་ཡོད་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཀུན་སྤྱོད་མེད་པའི་བྱེད་སྤྱོད་ལ་ཆད་པ་གཅོད་པའི་བྱ་ཐབས་ཁ་གསལ་བཟོ་དགོས། མང་ཚོགས་ཀྱིས་གླེང་མང་བའི་ཀུན་སྤྱོད་མེད་པའི་བྱེད་སྤྱོད་བཅོས་སྒྲིག་བྱ་རྒྱུར་ཁྲིམས་བཞིན་ཤུགས་སྣོན་རྒྱག་དགོས་པའི་མཛུབ་སྟོན་གནང་བ་རེད།
          ཞིས་ཅིན་ཕིང་གིས། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཀུན་སྤྱོད་རང་རྟོགས་ཟབ་ཏུ་གཏོང་དགོས། བཅའ་ཁྲིམས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་དང་ཐོག་སྤྱི་ཚོགས་ཡོངས་ཀྱིས་བཅའ་ཁྲིམས་ལ་དད་མོས་བྱེད་དགོས་པ་དང་། ཀུན་སྤྱོད་སྲུང་བར་ངེས་པར་དུ་མི་དམངས་ཡོངས་ཀྱི་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་མི་རྣམས་ཀྱིས་སེམས་གཏིང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་དད་མོས་དང་གོང་བཀུར་ཡོང་བ་བྱེད་དགོས། དེ་དང་དུས་མཚུངས་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་དར་སྤེལ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ནང་གི་འགོ་ཁྲིད་ལས་བྱེད་པའི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་སྒྲིག་འཛུགས་མཁན་དང་སྐུལ་འདེད་མཁན་གལ་ཆེན་བྱེད་དགོས་ལ་ཀུན་སྤྱོད་འཛུགས་སྐྱོང་དར་སྤེལ་མཁན་དང་དཔེ་སྟོན་མཁན་ཡང་བྱེད་དགོས། ཀུན་སྤྱོད་ལ་བརྟེན་ནས་བློ་སྦྱོང་དང་། ཀུན་སྤྱོད་ལ་བརྟེན་ནས་དབང་གྲགས་གཏོད་པ། ཀུན་སྤྱོད་ལ་བརྟེན་ནས་མང་ཚོགས་ཀྱི་བློ་ཡིད་འགུག་པ་བཅས་བྱེད་རྒྱུ་ནི་ལས་བྱེད་པ་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་བ་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། གུང་ཁྲན་ཏང་མིའི་བླ་ན་མེད་པའི་ཀུན་སྤྱོད་དང་སྤྱོད་གཙང་རྒྱུན་འཁྱོངས་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཚོགས་ཡོངས་ཀྱིས་ཀུན་སྤྱོད་གོང་དུ་བཀུར་བ་དང་ཁྲིམས་བཀུར་ཁྲིམས་སྲུང་བྱེད་རྒྱུར་སྐུལ་ཁྲིད་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།