ཆོས་ལུགས་ལས་དོན་སྐོར་གྱི་སྲིད་ཇུས་བོད་ལྗོངས་སུ་ལག་བསྟར་བྱེད་ཚུལ།

སྤེལ་དུས། 2016-09-01   

  2015ལོའི་ཟླ་1ཚེས་9ཉིན། མཐོ་རིམ་ནང་བསྟན་སློབ་གླིང་གིས་བོད་ལྗོངས་བཀྲས་ལྷུན་དགོན་དམངས་བདག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཟླ་བ་ཆུང་ལགས་གདན་ཞུ་བྱས་ནས། སློབ་གླིང་གི་སློབ་མ་ཡོངས་དང་དགེ་རྒན་ལས་བྱེད་པ་རྣམས་ལ་རྒྱ་བོད་སྐད་རིགས་གཉིས་ཀྱི་ཐོག་ནས་《ཆོས་ལུགས་ལས་དོན་སྐོར་གྱི་སྲིད་ཇུས་བོད་ལྗོངས་སུ་ལག་བསྟར་བྱེད་ཚུལ་》ཞེས་པའི་བརྗོད་བྱ་གཙོ་བོའི་འཆད་འཁྲིད་གནང་བ་རེད།
  དེ་ཡང་སློབ་གླིང་གི་དགེ་སློབ་དང་ལས་བཟོ་པ་རྣམས་ཀྱིས་ཏང་གི་མི་རིགས་དང་ཆོས་ལུགས་གཞུང་ལུགས་ལ་ངོས་འཛིན་དེ་བས་གཏིང་ཟབ་དང་། མི་རིགས་ཆོས་ལུགས་ཐད་ཀྱི་ལས་ཀའི་ནུས་པ་མཐོར་འདེགས་གཏོང་ཆེད། ཀྲུའུ་རེན་ཟླ་བ་ཆུང་ལགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་ལོ་རྒྱུས་འཕེལ་རིམ་དང་ད་ལྟའི་གནས་བབ། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་རྩ་འཛུགས་དང་ཁྱད་ཆོས། དེ་བཞིན་བོད་ལྗོངས་ཀྱིས་གསར་གཏོད་ཅན་གྱི་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཀྱི་བྱ་ཐབས་གཙོ་བོ་བཅས་ཀྱི་ཐོག་ནས་མིག་སྔའི་བོད་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་ལས་དོན་དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱེད་ཚུལ་གནད་དོན་ཐད་ལ་ཞིབ་ཕྲའི་འཆད་འཁྲིད་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། བོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་ཐད་ཀྱི་མཛུབ་ཁྲིད་བསམ་བློ་དང་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བཏང་བ་དང་།《དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུའི་སྐོར་གྱི་ཆོད་དོན་》ཞེས་པ་གཏན་འབེབས་དང་ལག་བསྟར་བྱས་ནས། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་པ་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ནས། དགོན་སྡེར་ཡུན་རིང་དང་བརྟན་བརླིང་། ནུས་ལྡན་བཅས་ཀྱི་དོ་དམ་ཚན་པ་བཙུགས་པ་དང་། ནུས་ལྡན་གྱི་མངའ་ཁོངས་དོ་དམ་རྣམ་པ་ལག་བསྟར་བྱས་ཏེ། དགོན་སྡེ་ཁག་དམིགས་བསལ་གྱི་སྤྱི་ཚོགས་ཚན་པར་བརྩི་ནས་མངས་ཁོངས་ཏང་ཨུད་དང་སྲིད་གཞུང་གི་རྣམ་ཀུན་དོ་དམ་ཁྱབ་ཁོངས་དང་། སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་དོ་དམ་ཁོངས་སུ་བཅུག་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་པའི་ཞབས་སུ་ལེགས་སུ་བཏང་ཡོད་ཅེས་གསུངས་པ་དང་། “དོ་དམ་དང་ཞབས་ཞུ། སློབ་གསོ་”བཅས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲིམས་ལྟར་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོབ་དང་། རྒྱུན་ལྡན་གྱི་ཆོས་ལུགས་སྒྲིག་ལམ་ལ་སྲུང་སྐྱོབ་ངང་ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཡོད་ཞེས་དང་། དགོན་སྡེ་ཁག་ལ་“ཡོད་པ་དགུ་”དང་“གཅིག་བྱས་པ་དྲུག་”སོགས་ཀྱི་བྱེད་སྒོ་ལག་བསྟར་བྱེད་པ་བརྒྱུད། ཁྱོན་ཡོངས་ནས་གྲྭ་བཙུན་གྱི་སྨན་བཅོས་འགན་བཅོལ་དང་རྒན་གསོའི་འགན་བཅོལ་དོན་ཐོག་ཏུ་འཁྱོལ་བ་དང་། གྲྭ་བཙུན་རྣམས་སྒྲིག་འཛུགས་ཀྱིས་རིན་མེད་གཟུགས་གཞིར་བརྟག་དཔྱད་བྱེད་པ་དང་། ཞི་མཐུན་དཔེ་མཚོན་ཅན་གྱི་དགོན་སྡེ་འཛུགས་སྐྱོང་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་སོགས་ཀྱི་བྱེད་སྒོ་སྤེལ་ནས་དགོན་སྡེའི་གྲྭ་བཙུན་གྱི་དངོས་ཡོད་ཀྱི་གནད་དོན་མང་པོ་ཐག་གཅོད་ཏན་ཏིག་བྱེད་པར་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་པས། ཁོ་ཚོའི་རྒྱལ་གཅེས་ཁྲིམས་སྲུང་གི་ཧུར་བརྩོན་རང་བཞིན་ལ་སྐུལ་སྤེལ་ཆེན་པོ་བྱུང་ཡོད་ཅེས་གསུངས་པ་རེད།
  ལྷག་པར་དུ་དགོན་སྡེ་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ། སྔ་བར་ཕྱི་གསུམ་དུ་ལས་ཀའི་རྩ་དོན་རྒྱུན་འཁྱོངས་དང་ལས་ཀ་བྱེད་ཐབས་ལ་མཐོང་ཆེན་བྱས་ནས་ཁྲིམས་སྲོལ་ལྟར་དགོན་སྡེར་དོ་དམ་བྱ་དགོས། ལས་ཀའི་ཁྲོད་དགོན་སྡེའི་གྲྭ་བཙུན་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ནུས་ཤུགས་ཡོད་དགུས་བོད་བརྒྱུད་ནང་བསྟན་གྱི་རྩ་ཆེའི་རིག་དངོས་ལ་སྲུང་སྐྱོབ་བྱས་ཏེ། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དགོས་མཁོ་སྐོང་དགོས་པ་སོགས་ཀྱི་ཐད་ནན་བཤད་གནང་བས། ལས་བྱེད་ལས་བཟོ་པ་ཚོས་སློབ་གླིང་གི་ལས་དོན་ཁག་ལེགས་པོ་སྒྲུབ་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།
  ཀྲུའུ་རེན་ཟླ་བ་ཆུང་ལགས་ཀྱིས་རང་ཉིད་ཀྱི་ཡུན་རིང་གི་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་དོན་ཟབ་ལ་གོ་བདེ་བ་དང་། དཔེ་མཚོན་སྣ་ཚོགས་ལ་བརྟེན་ནས་སྲིད་ཇུས་རང་བཞིན་དང་དམིགས་ས་ཡོད་པའི་སྒོ་ནས་སློབ་གླིང་གི་ལས་བཟོ་པ་ཡོངས་ནས་མི་རིགས་ཆོས་ལུགས་ལས་དོན་གྱི་ཤེས་བྱ་སློབ་སྦྱོང་བྱས་ནས་དུས་རབས་པའི་གསར་པའི་འོག་མི་རིགས་ཆོས་ལུགས་ལས་དོན་ལེགས་པོ་སྒྲུབ་པར་བློ་སྒོ་འབྱེད་པའི་ནུས་པ་ཤུགས་ཆེན་ཐོན་ཡོད་པ་དང་། ཏང་གིས་བོད་ལྗོངས་སུ་མི་རིགས་ཆོས་ལུགས་ལས་དོན་སྤེལ་ཚུལ་ལ་རྒྱུས་མངའ་ཆེ་ཙམ་བྱུང་ཡོད་པས། ལས་ཀའི་གསར་གཏོད་ནུས་པ་མཐོ་རུ་གཏོང་བ་དང་སློབ་གླིང་གི་ལས་དོན་ཁག་གི་ཆུ་ཚད་གོང་མཐོར་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།