པཎ་ཆེན་རིན་པོ་ཆེས་སྦོ་ཨའོ་རུ་གནང་བའི་གསུང་བཤད་སྙིང་བསྡུས།

སྤེལ་དུས། 2016-09-01   

  སྤྱི་ལོ་2016ལོའི་ཟླ་3པའི་ཚེས་25ཉིན་ཏེ་སྦོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་མཐའ་མཇུག་གི་ཉིན་དེར་སེམས་ཞི་ན་གནམ་འོག་ཞི། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་ཕུགས་འདུན་སྒྲུབ་ཕྱིར་སྨོན་ལམ་འདེབས་ཞེས་པའི་ཆོས་ལུགས་སྐོར་གྱི་བགྲོ་གླེང་ཞིག་འཚོགས་པ་དང་། བགྲོ་གླེང་དེའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་དང་། ཁམ་པུ་ཀྲེ་རྒྱལ་ཁབ་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་དགེ་སྦྱོང་ཆེན་མོ་པུ་ཁེ་ལི། ཤང་ཀང་སྦའོ་ལན་བསམ་གཏན་དགོན་པའི་དགེ་སྦྱོང་ཅིང་དབྱིན་བཅས་ནས་ཆོས་ལུགས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་དེར་གཞིགས་ནས་བགྲོ་གླེང་གནང་བར་ཀུན་གྱིས་དོ་སྣང་བྱུང་ཡོད་ལ། ལྷག་པར་དུ་པཎ་ཆེན་རིན་པོ་ཆེས་གནང་བའི་བཀའ་མོལ་ལ་ཚོགས་ཞུགས་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།
  དེའང་དགེ་བའི་སྐོར་གླིང་སྐབས། པཎ་ཆེན་རིན་པོ་ཆེས། སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད། ཡིན་ནའང་དེ་དག་གི་སྙིང་པོ་གཅིག་ལ་སྒྲིལ་ན་སྡིག་སྤོངས་དགེ་སྒྲུབ་ཅེས་པའི་ཡིག་འབྲུ་བཞིར་བསྡུ་ཆོག དགེ་བ་སྒྲུབ་དགོས་ཟེར་བ་ངེས་པར་དུ་བྱ་བ་ཆེན་པོ་སྒྲུབ་དགོས་པའི་ངེས་པ་མེད། ལམ་དུ་བཞུད་སྐབས་གད་སྙིག་སྒྲུག་པའམ། ཡང་ན་དབང་པོ་སྐྱོན་ཅན་གྱིས་རྒྱ་ལམ་འཕྲེད་བཅད་དུ་བསྐྱོད་སྐབས་ཁོ་ཚོ་ཁྲིད་རོགས་བྱེད་པ། ཐ་ན་མི་གཞན་ལ་འཛུམ་མདངས་ཤིག་བསྟན་ནའང་དེ་དགེ་བ་སྒྲུབ་པར་བརྩིས་ཆོག དགེ་བ་ཞེས་པའི་ཐ་སྙད་དེའི་གོ་བ་ལེན་སྟངས་ཐད་ནས་བཤད་ན་བོད་བརྒྱུད་ནང་བསྟན་དང་། རྒྱ་བརྒྱུད་ནང་བསྟན། ལྷོ་བརྒྱུད་ནང་བསྟན་བཅས་ཀྱི་གོ་བ་ལེན་སྟངས་གཅིག་པ་ཡིན་ངེས། ངོས་ནས་དགེ་བ་ཞེས་པ་དེར་ཆོད་སྡོམ་ཞིག་བྱས་ཡོད་པ་དེ་ནི་འབྲས་བུར་བདེ་བ་ཐོབ་པའི་ལས་དེ་དགེ་བ་དང་། འབྲས་བུ་སྡུག་བསྔལ་དུ་གྱུར་བའི་ལས་དེ་མི་དགེ་བའོ་ཞེས་པ་དེ་ཡིན་ཞེས་གསུངས།
  པཎ་ཆེན་རིན་པོ་ཆེས་སླར་ཡང་། སྲོག་ཆགས་གྲོག་མ་ཡང་ཚུད་པའི་འགྲོ་བ་སེམས་ཅན་ཐམས་ཅད་ནི་བདེ་བ་འདོད་པ་འབའ་ཞིག་ཡིན། ཡིན་ནའང་ང་ཚོའི་སེམས་ནི་ཉོན་མོངས་དུག་གསུམ་གྱིས་སྒྲིབ་པའི་དབང་གིས་ང་ཚོའི་ལམ་འཆོལ་ནས་བདེ་བའི་རྒྱུ་དག་སྡུག་བསྔལ་གྱི་རྒྱུར་མཐོང་བ་དང་། སྡུག་བསྔལ་གྱི་རྒྱུ་དག་བདེ་བའི་རྒྱུར་འཕྲུལ་ནས་ལོག་པའི་ལམ་དུ་འཇུག་བཞིན་ཡོད། དཔེར་ན་དུག་ཚོང་རྒྱག་མཁན་དག་ལ་ཆ་བཞག་ན་དངུལ་མང་ཙམ་བསགས་ནས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་རྒྱུའི་ཀུན་སློང་ཞིག་འཆང་ཡང་། དེས་ཞུགས་པའི་ལམ་དེ་ལོག་ལམ་ཡིན་པའི་དབང་གིས་མཐར་ཐུག་བདེ་བ་ཐོབ་རྒྱུ་ལྟ་ཅི་རང་དབང་ཡང་ཤོར་བ་ལྟར་རེད། སངས་རྒྱས་ནི་སྨན་པ་དང་ང་ཚོ་ནི་ནད་པ་ལྟ་བུ་ཡིན་པ་དང་། སངས་རྒྱས་ཀྱིས་བསྟན་པའི་ཆོས་ནི་ཉོན་མོངས་དུག་གསུམ་འདུལ་བྱེད་ཀྱི་སྨན་ལྟ་བུ་རེད། སྨན་དེ་ང་ཚོ་རང་ཉིད་ཀྱིས་བཟའ་དགོས་པ་ཞིག་རེད། སངས་རྒྱས་ནི་འཇིག་རྟེན་བྱེད་པོ་མ་ཡིན་པས་སངས་རྒྱས་ཀྱིས་ང་ཚོའི་ལས་དབང་ལ་འགྱུར་ལྡོག་གཏོང་མི་ཐུབ། དེར་བརྟེན་ཚང་མ་རང་ཉིད་ཀྱི་ཉམས་ལེན་ལ་བརྟེན་དགོས་ཞེས་གསུངས།
  ཆོས་ལུགས་ཀྱི་གཙོ་འཛིན་སྐོར་གླེང་སྐབས། པཎ་ཆེན་རིན་པོ་ཆེས། ཆོས་ལུགས་ཀྱི་གཙོ་འཛིན་ནི་བསྐོས་པ་ཞིག་མིན་པར་སྒྲུབ་དགོས་པ་ཞིག་རེད། ཆོས་ལུགས་ཀྱི་གཙོ་འཛིན་ཞིག་ཆགས་པ་བྱ་དགོས་ན། གཅིག་ནས་སྡོམ་ཁྲིམས་ཐད་གཞན་ལ་མིག་དཔེ་སྟོན་ཐུབ་པ་ཞིག་དང་། གཉིས་ནས་ཆོས་ཀྱི་རྟོགས་པའི་ཐད་གཞན་ནས་ཡི་རངས་ཞུ་འོས་པ་ཞིག གསུམ་ནས་སྤྱོད་ཚུལ་ཐད་གཞན་གྱི་དང་བ་འདྲེན་ཐུབ་པ་ཞིག་དགོས། ད་དུང་དེ་བས་ཀྱང་སེམས་ཅན་ཐམས་ཅད་མར་ཤེས་ཤིང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་འདྲེན་འདོད་ཀྱི་སྙིང་སྟོབས་ཆེན་པོ་ཞིག་དགོས། དེ་ལྟར་བྱུང་ན་ཆོས་ལུགས་ཀྱི་གཙོ་འཛིན་ཞིག་ཏུ་འགྱུར་ཐུབ་ཅེས་གསུངས།
  སྒྲུབ་པ་ཉམས་ལེན་གྱི་སྐོར་གསུངས་སྐབས། པཎ་ཆེན་རིན་པོ་ཆེས། གལ་ཆེ་ཤོས་ནི་དཔེ་ཆའི་ནང་བསྟན་པའི་ཆོས་ཀྱི་སྙིང་པོ་རང་ཉིད་ཀྱི་རྒྱུད་ལ་སྦྱར་ནས་ལག་ལེན་བསྟར་རྒྱུ་དེ་ཡིན། བོད་བརྒྱུད་ནང་བསྟན་ནང་ཆོས་ཉམས་ལེན་བྱེད་པའི་ཐུན་མིན་ལམ་རིམ་ཡོད་ལ། སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་དག་ལ་ཡང་རང་རང་གི་འདུལ་བྱའམ་སྤྱོད་གོ་རེ་རེ་ཡོད། མདོར་བསྡུས་ནས་བཤད་ན་དེ་དག་ནི་ཉོན་མོངས་དུག་གསུམ་འཇོམས་བྱེད་ཀྱི་གཉེན་པོ་ཤ་སྟག་ཡིན། དེ་ཡང་འགྲོ་བ་རྣམས་ལ་ཉོན་མོངས་པའི་རིགས་ཇི་ཙམ་ཡོད་པ་དེར་སངས་རྒྱས་ཀྱིས་ཆོས་ཀྱི་རྣམ་གྲངས་རེ་བསྟན་ཡོད་ཅེས་གསུངས།
  གཙོ་སྐྱོང་པས་སངས་རྒྱས་ཆོས་ལུགས་ནང་བསྟན་པའི་ནང་དོན་མང་པོ་ཞིག་ནི་ལོ་ངོ་སྟོང་ཕྲག་གཉིས་གོང་གི་ནང་དོན་ཡིན་པས། དེ་དག་ལོ་དུས་ཐིམ་ནས་སྤྱོད་གོ་མི་ཆོད་པར་གྱུར་མེད་དམ་ཞེས་དྲིས་པར། པཎ་ཆེན་རིན་པོ་ཆེས། སངས་རྒྱས་ཆོས་ལུགས་ནི་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་ནས་བྱུང་ཡོད། ཡིན་ནའང་སེམས་ཅན་རྣམས་ཀྱི་རྒྱུད་ལ་ལྡན་པའི་ཉོན་མོངས་དུག་གསུམ་རྩ་བ་ནས་མེད་པར་མ་འགྱུར་བར་སངས་རྒྱས་ཆོས་ཀྱི་དགོངས་པའི་སྤྱོད་གོ་ཆོད་རྒྱུ་རེད་ལ། ནམ་ཞིག་སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་དུག་གསུམ་རྩ་བ་ནས་མེད་པར་གྱུར་ཚེ། དེ་དུས་སངས་རྒྱས་ཆོས་ལུགས་ཀྱི་ལས་འགན་ཡོངས་སུ་གྲུབ་པར་བརྩིས་ཆོག་ཅེས་གསུངས།
  བསམ་པའི་དཔལ་ཡོན་གྱི་གལ་ཆེའི་རང་བཞིན་སྐོར་གླེང་སྐབས། པཎ་ཆེན་རིན་པོ་ཆེས། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་བཙུགས་ཀྱི་བསྒྲགས་གཏམ་གྱི་སྔོན་འགྲོའི་གཏམ་ནང་། དམག་འཁྲུག་གི་འབྱུང་ཁུངས་ནི་མིའི་སེམས་ཡིན་ཞེས་བསྟན་པ་ལྟར། ང་ཚོ་མི་རྣམས་ཀྱི་སེམས་ནང་ཞི་བདེའི་བཙན་རྫོང་རེ་བསྐྲུན་དགོས། ང་ཚོ་མི་ངོ་རེའི་རྒྱུད་ལ་བྱམས་སྙིང་རྗེ་ལྡན་ཅིང་དགེ་བའི་ལས་ལ་འཇུག་པར་སྤྲོ་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་རང་བཞིན་ལ་ངོས་འཛིན་ཐུབ་པ། ཕན་ཚུན་བར་གྱི་རྟེན་འབྲེལ་ཆོས་ཉིད་ངོས་འཛིན་ཐུབ་པ་བཅས་བྱུང་ན། ཁྱིམ་ཚང་འཆམ་མཐུན་དང་། སྤྱི་ཚོགས་ཞི་མཐུན། འཛམ་གླིང་ཞི་བདེ་བཅས་ཡོང་ཐུབ་ཅེས་གསུངས།
  ཡན་ལག་གླེང་སྟེགས་དེའི་བརྗོད་དོན་གཙོ་བོ་སེམས་ཞི་ན་གནམ་འོག་ཞི་བར་འགྱུར་ཞེས་པའི་སྐོར་གླེང་སྐབས། པཎ་ཆེན་རིན་པོ་ཆེས། འཛམ་གླིང་ཞི་བདེ་ནི་རང་བཞིན་ལྷུན་གྱིས་གྲུབ་པ་ཞིག་མིན་པར་དེ་ནི་འབད་པ་དང་རྩོལ་བས་བསྒྲུབ་དགོས་པ་ཞིག་རེད། ང་ཚོ་མི་རེ་ངོ་རེའི་རྒྱུད་ལ་ལྡན་པའི་ཉོན་མོངས་དུག་གསུམ་དེ་དག་འཛམ་གླིང་ཞི་བདེ་བརླག་པའི་རྒྱུར་འགྱུར་མི་སྲིད་པའི་ངེས་པ་མེད། དཔེར་ན་ཆར་ཐིག་གཅིག་གིས་ཤ་འོད་བཟོ་མི་ཐུབ་ཀྱང་། ཤ་འོད་དག་ནི་མཐར་གཏུགས་ནས་བཤད་ན་ཆར་ཐིག་རེ་རེས་གྲུབ་པ་ལྟར་རེད། དེ་ཡང་ང་ཚོ་མི་རེ་ངོ་རེས་རང་ཉིད་ཀྱི་སེམས་ཞི་བར་བྱེད་པའམ་རང་ཉིད་ཀྱི་སེམས་ནང་གི་འདོད་ཆགས་ཞེ་སྡང་གཏི་མུག་བཅས་གནོན་གང་ཐུབ་ཅི་ཐུབ་བྱས་ན་དེ་ནི་སྤྱི་ཚོགས་དང་། འཛམ་གླིང་། མིའི་རིགས་བཅས་ལ་ཕུལ་བའི་ལེགས་སྐྱེས་ཤིག་རེད། ང་ཚོས་བྱ་བ་ཅི་ཞིག་སྒྲུབ་ཀྱང་ཐུན་མོང་གི་བདེ་སྐྱིད་བརྩོན་ལེན་བྱ་རྒྱུར་དམིགས་དགོས། ཚོང་པ་ཞིག་གི་ངོས་ནས་བཤད་ན་ཉོ་ཚོང་དྲང་བཞག་བྱ་དགོས་པ་དང་། སྨོན་ལམ་ཞིག་བཏབ་ན་རང་ཉིད་ཁོ་ནའི་ཆེད་དུ་འདེབས་མི་རུང་། ལྷན་རྒྱས་བོད་ཁུལ་དུ་ཕེབས་སྐབས་རྟོག་ཞིབ་གནང་དང་། བོད་ཁུལ་གྱི་བགྲེས་སོང་རྣམས་ནས་ཕྱག་འཚལ་བསྐོར་སྦྱོང་གནང་སྐབས། རང་ཉིད་ཀྱི་དབང་དང་གོ་གནས་ཆེད་དུ་སྨོན་ལམ་མི་འདེབས་པར། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་འགྱུར་བ་དང་། འཛམ་གླིང་ཞི་བདེ་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད། ང་ཚོའི་འཛམ་གླིང་འདིར་དེ་བས་མཁོ་བ་ནི་འདི་ལྟ་བུའི་དགེ་བའི་ཀུན་སློང་རྣམ་པར་དག་པ་དག་རེད་ཅེས་གསུངས་སོ།
  དེ་ལྟར་པཎ་ཆེན་རིན་པོ་ཆེས་གསུངས་པ་ལ་དེར་འདུས་པའི་སྐྱེ་བོ་རྣམས་ནས་བསྟོད་པའི་ཐལ་མོ་ཡང་ཡང་རྡེབ་ཅིང་། ཤང་ཀང་སྦའོ་ལན་བསམ་གཏན་དགོན་པའི་དགེ་སྦྱོང་ཅིང་དབྱིན་ནས། ང་རང་ནས་པཎ་ཆེན་རིན་པོ་ཆེར་དགའ་གུས་ཡི་རངས་ཞུ་བཞིན་ཡོད། ཅིའི་ཕྱིར་ཞེ་ན། གཅིག་ནས་ཁོང་སྐུ་ན་གཞོན་ཡང་སྐུ་ཡོན་ཆེ་བ་དང་། གཉིས་ནས་ཁོང་དམིགས་བསལ་གྱི་ཁོར་ཡུག་ནང་འཚར་ལོངས་བྱུང་ཡང་དགོངས་པ་རྙིང་ཞེན་གྱི་དབང་དུ་མ་སོང་བར་བྱ་དངོས་གསར་པར་དང་ཁ་སྤྲོ་བ། གསུམ་ནས་ཁོང་མཐོན་པོའི་ཁྲི་ལ་འཁོད་ཀྱང་ཁེངས་དྲེག་མེད་པར་ཚང་མ་འདྲ་མཉམ་དུ་གཟིགས་པ་མ་ཟད། གཞན་གྱི་བསམ་འཆར་དང་ལེན་གནང་རྒྱུར་མཉེས་པ་བཅས་ཀྱིས་སོ་ཞེས་གསུངས། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཧའེ་ནན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་སྦྱོང་དབྱིན་ཧྲུན་ནས་ཀྱང་། ཁོང་ནི་གུས་པའི་དགེ་རྒན་བཟང་པོ་ཞིག་དང་གྲོགས་པོ་བཟང་པོ་ཞིག་ཡིན། ང་རང་ལ་ལོ་གསུམ་བསྟུད་མར་ཁོང་དང་ལྷན་དུ་ལོ་གསར་གཏོང་བའི་སྐལ་བ་ཐོབ་བྱུང་། ཁོང་གིས་དཀའ་སྤྱད་འབད་བརྩོན་གྱིས་སྒྲུབ་པ་ཉམས་ལེན་གནང་བ་དེས་ང་ཚོར་མིག་དཔེ་བཟང་པོ་བསྟན་ཡོད་ཅེས་གསུངས་པ་རེད།