གློག་རྡུལ་སྒྲིག་ཆས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་གྲྭ་པའི་འཚོ་བར་ཕན་འདོགས་ཚུལ།

སྤེལ་དུས། 2017-05-19   

          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་5ཚེས་17ཉིན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་གསུམ་པའི་མཐོ་རམས་པ་དང་སྐབས་ལྔ་པའི་འབྲིང་རམས་པའི་ཡོན་གནས་རྒྱུགས་འབུལ་ལ་ཞུགས་པའི་གྲྭ་པ་རྣམས་ཀྱིས་པེ་ཅིང་གི་ནུབ་གནས་དགོན་སེར་དུ་དཔྱད་རྩོམ་གྱི་དམ་བཅའི་རྩོད་གླེང་མཛད་པ་རེད།
          ཐེངས་འདིར་མཐོ་རམས་པའི་ཡོན་གནས་རྒྱུགས་འབུལ་ལ་ཞུགས་མཁན་གྲྭ་པ་ཁྱོན་13དང་། འབྲིང་རམས་པའི་ཡོན་གནས་རྒྱུགས་འབུལ་ལ་ཞུགས་མཁན་གྲྭ་པ་16བཅས་ཡོད་ཅིང་། ཆོས་རྩོད་རྒྱུགས་འབུལ་དང་དཔྱད་རྩོམ་དམ་འཇོག་གི་ཚད་གཞི་ལོན་པའི་གྲྭ་པ་རྣམས་ལ་ད་གཟོད་ཡོན་གནས་ཀྱི་འབྲེལ་ཡོད་མཚན་གནས་རག་གི་ཡོད་པ་རེད།

          ཆོས་རྩོད་ཡུལ་དུ་ཡིག་རྒྱུགས་འབུལ་མཁན་གྱི་སློབ་མ་ཉིད་ཁྲིད་སྟེགས་ཀྱི་དཀྱིལ་དུ་ལངས་པ་དང་། དགེ་རྒན་ནི་དེའི་འཁྲིས་སུ་གཟུར་ནས་བཞུགས་ཤིང་། ནང་བསྟན་སློབ་གླིང་གིས་སེམས་རྩ་འཁོལ་པོས་དགེ་སློབ་ཚོ་ལ་ཇ་སྲུབས་མ་མཁོ་འདོན་གནང་ཡོད་པས། ཡུལ་དངོས་ཀྱི་རྣམ་པ་ཅུང་ཛ་དྲག་ཆེ་རུང་དྲོ་སྐྱིད་ཀྱི་བདེ་སྣང་ཞིག་ཀྱང་ངང་གིས་མངོན་ཡོང་།

          དཔྱད་རྩོམ་གྱི་དམ་བཅའི་རྩོད་གླེང་ཁྲོད་དུ་གསར་འགོད་པས་སྔོན་དང་མི་འདྲ་བའི་སྣང་ཚུལ་ཞིག་ཤེས་རྟོགས་བྱུང་བ་སྟེ། སྔོན་ལོ་དག་ལ་དཔྱད་རྩོམ་ནི་དེབ་གཟུགས་ཀྱི་རྣམ་པའི་ཐོག་ནས་པར་དུ་བཏབ་ཡོད་ཅིང་། འོན་ཀྱང་འདི་ལོའི་དཔྱད་རྩོམ་གྱི་དམ་བཅའི་རྩོད་གླེང་ཁྲོད་དུ་དེབ་གཟུགས་པར་མ་ལས་གཞན་ད་དུང་གློག་རྡུལ་སྒྲིག་ཆས་ནི་སློབ་གཉེར་བ་ཚོའི་ཡོ་བྱད་གསར་པ་ཞིག་ཏུ་གྱུར་ཡོད་ཅིང་། དེའང་ཕྱག་ཏུ་ངོས་པང་རྩིས་འཁོར་ཐོགས་ནས་དཔྱད་རྩོམ་གྱི་ནང་དོན་ངོ་སྤྲོད་གནང་བ་ནི་སློབ་གཉེར་བ་ཚོའི་གདམ་ག་གཞན་ཞིག་ཡིན་པ་རེད། སྟབས་བདེ་ལ་སྣོད་བཅུད་ལ་ཞོན་སྐྱོན་མེད་པའི་ཐབས་ལམ་དེར་གྲྭ་པ་ཚོས་དགའ་མོས་ཆེན་པོ་བྱེད་བཞིན་ཡོད།

          ཁ་པར་དང་ངོས་པང་རྩིས་འཁོར་གྱིས་རྒྱུགས་འབུལ་དང་དམ་བཅའི་རྩོད་གླེང་གི་བརྒྱུད་རིམ་བརྙན་པར་དུ་ལེན་པ་ནི་སློབ་གཉེར་བ་ཚོའི་ངོས་ནས་བརྗོད་ན་ཤིན་ཏུ་ལས་སླ་ལ་གོམས་བདེ་བའི་ལག་ལེན་ཞིག་ཡིན་ཞིང་། སློབ་གཉེར་བ་འགའ་རེས་མི་གཞན་ལ་མ་བརྟེན་པར་ཇ་ཕོར་ལ་ཁ་པར་བརྟེན་ཏེ་རང་ཉིད་ཀྱི་དམ་བཅའི་རྩོད་གླེང་གི་རྣམ་པ་བརྙན་དུ་ཕབ་པར་བྱེད།

          བཟོ་ལས་དང་ཆ་འཕྲིན་པུའུ་ཡི་སྤྱི་ལོ་2016ལོའི་ཟླ་10པའི་ཟླ་མཇུག་གི་བསྡོམས་རྩིས་གཞི་གྲངས་ལས་གསལ་བར། རང་རྒྱལ་གྱི་སྒུལ་འཁྱེར་ཁ་པར་ཐོགས་པའི་མི་གྲངས་དུང་ཕྱུར་13.21ཟིན་ཡོད་པ་དང་། དེའི་ཁྲོད་དུ་སྐུད་མེད་དྲ་བ་4Gབེད་སྤྱོད་བྱ་མཁན་གྱི་མི་གྲངས་དུང་ཕྱུར་7.14ཟིན་ཡོད། ཁྱིམ་པའམ་སེར་མོ་བ་ཅི་འདྲ་ཞིག་ཡིན་རུང་། དུས་རབས་རླབས་པོ་ཆེ་ཞིག་གི་དྲ་རྒྱའི་ཁོར་ཡུག་ཁྲོད་དུ་མི་རྣམས་ལ་ཟིན་འགོད་ཀྱི་གདམ་ག་དེ་བས་མང་བ་མཁོ་འདོན་བྱས་ཡོད་དོ།།