ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་2017ལོའི་སློབ་ཐོན་མཛད་སྒོ་འཚོགས་པ།

སྤེལ་དུས། 2017-05-16   


          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ 5 ཚེས 14 ཉིན་གྱི་ཕྱི་དྲོར། སྐབས་བཅུ་གསུམ་པའི་མཐོ་རམས་པ་དང་སྐབས་དགུ་པའི་འབྲིང་རམས་པའི་ཡོན་གནས་འཛིན་གྲྭའི་སློབ་ཐོན་མཛད་སྒོ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཚོགས་ཤིང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་འཇམ་དབྱངས་དང་། ཏང་ཙུའུ་ཡི་ཧྲུའུ་ཅི། རྒྱུན་ལས་གླིང་གཙོ་གཞོན་པ་བཅས་ཡིན་པའི་ཝང་ཁྲང་ཡུས་སོགས་ནང་བསྟན་སློབ་གླིང་གི་དབུ་ཁྲིད་ལྷན་སྤྱིའི་ཁོངས་མི་དང་། སྐབས་བཅུ་གསུམ་པའི་མཐོ་རམས་པ་དང་སྐབས་དགུ་པའི་འབྲིང་རམས་པའི་ཡོན་གནས་འཛིན་གྲྭའི་སློབ་མ། དགེ་རྒན་ཆེན་མོ། འཛིན་བདག་དང་འབྲེལ་ཡོད་ཚན་པའི་འགན་འཛིན་མི་སྣ་སོགས་མཛད་སྒོར་ལྷན་ཞུགས་གནང་ཡོད། སློབ་གླིང་གི་ཏང་ཙུའུ་ཡི་ཁོངས་མི། གླིང་གཙོ་གཞོན་པ་བཅས་ཡིན་པའི་ལིའུ་ཧྥེང་ནས་སློབ་ཐོན་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
སློབ་ཐོན་མཛད་སྒོའི་ཡུལ་དངོས་རྣམ་པ། 
          སློབ་ཐོན་མཛད་སྒོའི་ཐོག་ཏུ་གླིང་གཙོ་གཞོན་པ་སྒོ་མང་ཚང་ནས་གསུང་བཤད་གནང་སྟེ། སློབ་གཉེར་བ་ཚོར་ཕྱོགས་གསུམ་གྱི་ཐད་ནས་བླང་བྱ་བཏོན་གནང་། དེའང་གཅིག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སྣེ་ཤན་པར་གྱུར་དགོས་པ་དང་། གཉིས་ནས་ནང་པའི་ལྟ་དགོངས་འཆད་འགྲེལ་གྱི་ལས་དོན་ལ་གཞོལ་དགོས་པ། གསུམ་ནས་རང་རང་སོ་སོའི་བྱང་ཚད་དང་ནུས་པ་མཐོར་འདེགས་གཏོང་དགོས་པ་བཅས་སོ།།
སློབ་ཐོན་སློབ་མའི་འཐུས་ཚབ་ནས་གཏམ་བཤད་སྤེལ་བཞིན་པ།
སློབ་ཐོན་སློབ་མའི་འཐུས་ཚབ་ནས་གཏམ་བཤད་སྤེལ་བཞིན་པ།
          སློབ་ཐོན་མཛད་སྒོའི་ཐོག་ཏུ་སློབ་གླིང་གི་དབུ་ཁྲིད་ནས་མཐོ་རམས་པ་དང་འབྲིང་རམས་པའི་ཡོན་གནས་འཛིན་གྲྭའི་སློབ་ཐོན་དཔང་ཡིག་དང་། ཕུལ་བྱུང་གི་སློབ་ཐོན་སློབ་མའི་གཟེངས་བསྟོད་དཔང་ཡིག་བཅས་བསྩལ་གནང་བ་རེད།
གླིང་གཙོ་གཞོན་པ་མཐུ་སྟོབས་སེངྒེ་ནས་མཐོ་རམས་པའི་ཡོན་གནས་འཛིན་གྲྭའི་སློབ་ཐོན་དཔང་ཡིག་བསྩལ་བ།
སློབ་གླིང་གི་ཏང་ཙུའུ་ཡི་ཁོངས་མི་དང་གླིང་གཙོ་གཞོན་པ་བཅས་ཡིན་པའི་གནམ་ལྷ་བཀྲ་ཤིས་ནས་འབྲིང་རམས་པའི་ཡོན་གནས་འཛིན་གྲྭའི་སློབ་ཐོན་དཔང་ཡིག་བསྩལ་བ།
མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་སྒོ་མང་ཚང་ནས་ཕུལ་བྱུང་གི་སློབ་ཐོན་སློབ་མར་གཟེངས་བསྟོད་དཔང་ཡིག་བསྩལ་བ།