ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས2017ལོའི་ཡོན་གནས་དཔྱད་ཞིབ་དང་དགེ་རྒན་ཆེན་མོའི་ཐོབ་ཐང་དཔྱད་ཞིབ་ཨུ་ལྷན་གྱི་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

སྤེལ་དུས། 2017-05-16   


ཚོགས་ཞུགས་དབུ་ཁྲིད་ལྷན་རྒྱས།
  ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ5ཚེས12ཉིན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་མཐོ་རིམ་པ་སྐབས་བཅུ་གསུམ་དང་འབྲིང་རིམ་པའི་ཡོན་གནས་དཔྱད་ཞིབ་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་། སྐབས་བཞི་པའི་དགེ་རྒན་ཆེན་མོའི་ཐོབ་ཐང་དཔྱད་ཞིབ་ཨུ་ལྷན་གྱི་ཚོགས་འདུ་དངོས་སུ་འཚོགས་པ་རེད། 
  སྐབས་བཅུ་གསུམ་པའི་མཐོ་རིམ་ཡོན་གནས་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་དེ་ཉིད་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་གིས་གཙོ་སྐྱོང་གནང་བ་དང་། ཨུ་ཡོན15ཚོགས་འདུར་དབུ་ཞུགས་མཛད་ཡོད། མཐོ་རིམ་པའི་ཡོན་གནས་དཔྱད་འཇོག་ཨུ་ལྷན་གྱི་འགན་འཛིན་གཞོན་པའམ། རྒྱུན་ལས་གླིང་གཙོ་གཞོན་པ་ཝང་ཁྲང་ཡུས་མཆོག་ནས་ཨུ་ཡོན་ལྷན་ཚོགས་ལ་མཐོ་རིམ་ནང་བསྟན་སློབ་གླིང་གིས་ཉེ་བའི་ལོ་གཅིག་ནང་ཚུན་དུ་མཐོ་རམས་པའི་ཡོན་གནས་འཛིན་གྲྭར་སློབ་མ་བསྡུ་བ་དང་། སློབ་གསོ་སློབ་ཁྲིད་སྤེལ་བའི་སྐོར་གྱི་གནས་ཚུལ་སྙན་ཞུར་ཕུལ་བ་མ་ཟད། ཚོགས་ཐོག་ཏུ《སྐབས་བཅུ་གསུམ་པའི་མཐོ་རམས་པའི་ཡོན་གནས་དཔྱད་འཇོག་བྱེད་ཐབས》(འོག་ཏུ《བྱེད་ཐབས》ཞེས་སུ་བསྡུ་རྒྱུ)དང་། འབྲེལ་ཡོད་ལས་དོན་གྱི་ཇུས་གཞིར་གྲོས་མཐུན་ཆོག་མཆན་ཐོབ་ཅིང་། ཐེངས་འདིའི་མཐོ་རམས་པའི་ཡོན་གནས་ཡིག་རྒྱུགས་དམ་འཇོག་དང་ཡོན་གནས་འབུལ་སྤྲོད་ཀྱི་ལས་དོན་སྤེལ་ཕྱོགས་ཐད་མཉམ་དུ་ཐུགས་གཤིན་པོས་མཉན་འཇོག་དང་ཞིབ་འཇུག་མཛད་པ་རེད།

          བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོའམ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བློ་འདྲི་ས་དང་། བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་བཅས་ཀྱི་འགན་བཞེས་ཡོད་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག
  སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་ནས་མཛུབ་སྟོན་གནང་བར། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་བོད་བརྒྱུད་ནང་བསྟན་སློབ་གླིང་ཁག་ཏུ་མགྱོགས་ནས་མྱུར་དུ་དམའ་རམས་དང་། འབྲིང་རམས། མཐོ་རམས་བཅས་ཀྱི་ཡོན་གནས་འཛིན་གྲྭའི་འབྲེལ་མཐུད་དང་། དེ་དག་ཕན་ཚུན་བར་མཐུན་འགྱུར་དང་སྒྲིག་གཞི་ལྡན་པའི་སློབ་གཉེར་མ་ལག་ཅིག་འཛུགས་སྐྱོང་བྱེད་བཞིན་པ་འདིས། རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་དེ་བས་མང་བ་གསོ་སྐྱོང་བྱེད་པ་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བར་དུ་མཐུན་གཤིབ་ཡོང་བའི་ཐད་གལ་ཆེའི་དོན་སྙིང་ལྡན་ཡོད་ཅེས་གསུངས།
  མཐོ་རིམ་པའི་ཡོན་གནས་དཔྱད་འཇོག་ཨུ་ལྷན་གྱི་ཀྲུའུ་རེན་ནི་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོའམ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བློ་འདོན་པ་དང་། བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་གཙོ་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་ནས་ཐུགས་འགན་བཞེས་པ་དང་། སྐབས་ལྔ་པའི་འབྲིང་རིམ་པའི་་ཡོན་གནས་དཔྱད་འདེམས་ཨུ་ལྷན་གྱི་ཀྲུའུ་རེན་ནི། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པའམ་སློབ་དཔྱོད་ཁྲུའུ་ཡི་ཁྲུའུ་ཀྲང་སྒོ་མང་ཚང་ནས་ཐུགས་འགན་བཞེས་ཡོད། ཨུ་ཡོན་ལྷན་ཚོགས་གཉིས་ཀའི་ཨུ་ཡོན་ལྷན་རྒྱས་ནི་གཙོ་བོ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་མོ་དྲུག་གི་སྤྲུལ་སྐུ་དང་། དགེ་རྒན་ཆེན་མོ། རྡོ་རམས་པའི་མཐོ་རིམ་པའི་ཡོན་གནས་བླངས་ཟིན་པའི་བླ་སྤྲུལ་སོགས་ཡིན་ཞིང་། ཁོང་ཚོ་ནི་བོད་ལྗོངས་ཙམ་མ་ཟད་ཞིང་ཆེན་གཞན་བཞི་པོའི་བོད་ཁུལ་ནས་ཀྱང་ཕེབས་ཡོད་པ་རེད།
ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་རྒྱུན་ལས་གླིང་གཙོ་གཞོན་པ་ཝང་ཁྲང་ཡུས་མཆོག
  《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་འབུལ་སྤྲོད་བྱེད་ཐབས(ཚོད་ལྟར་སྤྱོད་རྒྱུ)》(འོག་ཏུ《བྱེད་ཐབས》ཞེས་སུ་བསྡུ་རྒྱུ)ལས་གཏན་འབེབས་བྱས་པར་གཞིགས་ན། ཡོན་གནས་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱིས་ཕྱོགས་སོ་སོར་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་དང་ཡིག་རྒྱུགས་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས། དཔྱད་རྩོམ་དམ་བཅའི་ཨུ་ཡོན་ལྷན་ཚོགས་བཅས་གོ་སྒྲིག་བྱས་ཏེ། མཐོ་རིམ་པའི་ཡོན་གནས་དང་འབྲིང་རིམ་པའི་ཡོན་གནས་ལ་དམ་བཅའ་འབུལ་བའི་གྲྭ་བཙུན་གྱི་ཐོབ་ཐང་ཞིབ་བཤེར་དང་། ཡོན་གནས་ཆོས་རྩོད་རྒྱུགས་འབུལ། དཔྱད་རྩོམ་གྱི་འདེམས་སྒྲུག་དང་དམ་བཅའ་འཇོག་པ་སོགས་ཀྱི་ལས་དོན་ཁག་ཚགས་ཚུད་པ་སྤེལ་བར་ཁག་ཐེག་བྱེད་བཞིན་ཡོད།
ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་ལིའུ་ཧྥེང་།
  ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་ལིའུ་ཧྥེང་ནས་སྐབས་བཞི་པའི་དགེ་རྒན་ཆེན་མོའི་ཐོབ་ཐང་དཔྱད་ཞིབ་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཏུ་སྤེལ་བའི་གསུང་བཤད་ལས་མཛུབ་སྟོན་གནང་བར། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། ནང་པའི་ལྟ་དགོངས་ལ་མངའ་བརྙེས་པ། ཀུན་སྤྱོད་དང་སྦྱངས་སྟོབས་ཕུལ་དུ་ཕྱིན་པ། ཕྱོགས་བསྡུས་བྱང་ཚད་མཐོན་པོར་སོན་པའི་དགེ་རྒན་ཆེན་མོའི་དཔུང་ཁག་ཅིག་དཔྱད་འདེམས་དང་འཛུགས་སྐྱོང་བྱ་རྒྱུ་ནི། མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་གནས་སློབ་གསོའི་སྤུས་ཚད་གོང་མཐོར་གཏོང་བ་དང་། བྱང་ཚད་མཐོ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་གསོ་སྐྱོང་བྱེད་པའི་ཐབས་ལམ་དམ་པ་དེ་ཡིན་པ་རེད་ཅེས་གསུངས་པ་རེད།