ཆོས་དོན་དགོངས་འགྲེལ་ར་བ།

སྤེལ་དུས། 2016-09-06   

  ཏང་གི་མི་རིགས་གཞུང་ལུགས་ཀྱི་ནང་དོན་གཙོ་བོ།
  མི་རིགས་གནད་དོན་ནི་མར་ཁེ་སི་རིགས་པའི་གཞུང་ལུགས་ཀྱི་གལ་ཆེའི་ནང་དོན་ཞིག་ཡིན་པ་དང་།   མི་རིགས་ལས་དོན་ནི་ཏང་གི་ལས་དོན་ཁྱོན་ཡོངས་ཀྱི་ཕྱོགས་གལ་ཆེན་ཞིག་ཀྱང་ཡིན།  རང་རེའི་ཏང་གིས་ཀྲུང་གོའི་གསར་བརྗེ་དང་།  འཛུགས་སྐྲུན།  བསྒྱུར་བཅོས་བཅས་ལ་དབུ་ཁྲིད་གནང་བའི་ལོ་རྒྱུས་བརྒྱུད་རིམ་ཁྲོད།   མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པ་དེ་ཀྲུང་གོའི་མི་རིགས་གནད་དོན་གྱི་དུས་རབས་ཁྱད་ཆོས་དང་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་ཀྱི་ཡང་དག་ལམ་བུ་ཞིག་གཏོད་ཡོད་པས།  མི་རིགས་གནད་དོན་ཐག་གཅོད་དང་།  མི་རིགས་ལས་དོན་ལེགས་པོ་སྒྲུབ་པའི་གཞི་རྩའི་རིགས་གཞུང་དང་སྲིད་ཇུས་ཤིག་གྲུབ་ཡོད་དེ།   གཙོ་བོ་གཤམ་གསལ་གྱི་ནང་དོན་ཁག་ཚུལ་ཡོད།
 ﹙1﹚མི་རིགས་ནི་ལགོ་རྒྱུས་ཀྱི་འཕེལ་རིམ་ངེས་ཅན་ཞིག་ནང་གྲུབ་པའི་གཏན་འཇགས་ཀྱི་མི་ཚོགས་ལ་ཟེར་བ་དང་།  སྤྱིར་ནས་བཤད་ན།  མི་རིགས་ནི་ལོ་རྒྱུས་ཀྱི་བྱུང་རིམ་ཁྲོད་དང་།  ཐོན་སྐྱེད་བྱེད་ཐབས།  སྐད་རིགས།  རིག་གནས།  ཡུལ་སྲོལ་གོམས་གཤིས།   དེ་བཞིན་བསམ་པའི་ངོས་བའཛིན་སོགས་ཀྱི་ཐད་ཐུན་མོང་གི་ཁྱད་ཆོས་ལྡན་པ་དང་།   མི་རིགས་འགའ་ཞིག་གི་འབྱུང་རིམ་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད།  ཆོས་ལུགས་ཀྱིས་ནུས་པ་གལ་ཆེན་ཐོན་ཡོད།  
 ﹙2﹚མི་རིགས་ཤིག་བྱུང་བ་དང་།  འཕེལ་རྒྱས།  འཇིག་པ་བཅས་ནི་ལོ་རྒྱུས་ཀྱི་འཕེལག་རིམ་རིང་མོ་ཞིག་ཡིན་པ་དང་།   མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་བརྒྱུད་རིམ་ཁྲོད།   མི་རིགས་ཤིག་འཇིག་སྟོང་དུ་འགྲོ་བ་ནི་གྲལ་རིམ་དང་།  རྒྱལ་ཁབ་འཇིག་སྟོང་སུ་འགྲོ་བ་ལས་དུས་ཡུན་རིང་བ་ཡོད།
 ﹙3﹚སྤྱི་ཚོགས་རིང་ལུགས་དུས་སྐབས་ནི་མི་རིགས་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་དུས་སྐབས་ཤིག་ཡིན་པ་དང་།  མི་རིགས་ཕན་ཚུན་དབར་གྱི་ཐུན་མོང་ཆ་ཡང་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད།   འོན་ཀྱང་མི་རིགས་ཀྱི་ཁྱད་ཆོས་དང་། མི་རིགས་བར་གྱི་ཁྱད་པར།   མི་རིགས་ཁག་གི་དཔལ་འབྱོར་དང་རིག་གིནས་འཕེལ་རྒྱས་ཐད་ཀྱི་ཧེ་བག་ནི་ཡུན་རིང་གནས་རྒྱུ་ཡིན་པ་རེད།
 ﹙4﹚མི་རིགས་གནད་དོན་ནང་མི་རིགས་རང་ངོས་ཀྱི་འཕེལ་རྒྱས་ཚུད་ཡོད་ལ།   མི་རིགས་ཕན་ཚུན་བར་དང་།   མི་རིགས་དང་གྲལ་རིམ།   རྒྱལ་ཁབ་བཅས་བར་གྱི་འབྲེལ་བ་ཡང་ཚུད་ཡོད།   དེང་སྐབས་འཛམ་གླིང་སྟེང་།   མི་རིགས་གནད་དོན་ལ་ཡོངས་ཁྱབ་རང་བཞིན་དང་།   ཡུན་རིང་རང་བཞིན།   རྙོག་འཛིང་རང་བཞིན།   རྒྱལ་སྤྱིའི་རང་བཞིན།   གལ་ཆེའི་རང་བཞིན་བཅས།  
 ﹙5﹚ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་བུ་ནི་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་ལམ་བུ་ཞིག་ཡིན།   རང་རྒྱལ་གྱི་མི་རིགས་གནད་དོན་ནི།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་།  ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཐུན་མོང་བྱ་གཞག་ཁྲོད་རིམ་བཞིན་ཐག་གཅོད་བྱེད་ཐུབ།
 ﹙6﹚རང་རྒྱལ་ནི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་གསར་སྐྲུན་བྱས་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་།  རྒྱལ་ཁབ་གཅིག་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་མཐོ་ཤོས་ཡིན་པས།  མི་རིགས་ཁག་གི་མི་དམངས་ཀྱིས་མུ་མཐུད་ནས་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་སྟེ།  རང་འགུལ་ངང་མེས་རྒྱལ་གྱི་བདེ་འཇགས་དང་།   སྙན་གྲགས།  ཁེ་ཕན་བཅས་སྲུང་སྐྱོང་བྱ་དགོས།   རང་རྒྱལ་གྱི་མི་རིགས་གནང་དོན་ནི་རང་རྒྱལ་ནང་ཁོངས་ཀྱི་གནད་དོན་ཡིན་པས།   ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་མི་རིགས་གནད་དོན་ལ་ཁ་གཡར་ནས་རང་རྒྱལ་དུ་སིམ་འཛུལ་དང་།  གཏོར་བརླག    རྩ་སློག་བྱ་སྤྱོད་སྤེལ་བར་ངོ་རྒོལ་བྱ་དགོས།
 ﹙7﹚མི་རིགས་ཁག་མི་འབོར་མང་ཉུང་དང་།  ལོ་རྒྱུས་རིང་ཐུང་།  འཕེལ་རྒྱས་ཆུ་ཚད་མཐོ་དམའ་བཅས་ལ་མ་ལྟོས་པར་ཚང་མ་འདྲ་མཉམ་ཡིན།   རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ལ་འཕེལ་རྒྱས་གོ་སྐབས་དང་ཆ་རྐྱེན་ལེགས་པོ་དེ་བས་མང་བ་བསྐྲུན་ཏེ།   གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་འགན་སྲུང་བྱས་ཡོད་པས།  མི་རིགས་ཁག་གི་མི་དམངས་ཀྱིས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་ཟིལ་ཤུགས་སྲུང་སྐྱོང་བྱེད་པའི་འོས་འགན་འཁུར་དགོས།
 ﹙8﹚མི་རིགས་ས་ཁོངས་རང་སྐྱོང་བྱ་རྒྱུ་ནི་རང་རེའི་ཏང་གི་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་དང་།  རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་དང་མཐུན་པའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག སྤྱི་ཚོགས་རིང་ལུགས་ཀྱི་དམངས་ཀྱི་དམངས་གཙོ་དང་། འཕེལ་རྒྱས།  སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་གལ་ཆེའི་ནང་དོན་ཞིག་ཡིན་པས།ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་འཇུས་ཚང་དུ་གཏོང་དགོས།མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ཁྲིམས་ལུགས་འགན་སྲུང་ཡིན་པས།   ངེས་པར་དུ་ཁྱོན་ཡོངས་ནས་དོན་འཁྱོལ་ལག་བསྟར་བྱ་དགོས།

 ﹙9﹚འདྲ་མཉམ་དང་།  མཐུན་སྒྲིལ། རོགས་རེས། འཆམ་མཐུན་གཅས་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་ངོ་བོའི་ཁྱད་ཆོས་ཡིན་པ་དང་།  རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་བྲལ་ཐབས་མེད་པ་དང་།  གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་བྲལ་བསམ་མེད་པ།  གྲངས་ཉུང་མི་རིགས་ཕན་ཚུན་ཁྲ་བྲལ་ཐབས་མེད་པས།  མི་རིགས་ཁག་གི་མི་དམངས་ཀྱིས་ཕན་ཚུན་བརྩི་འཇོག་དང་།  སློབ་སྦྱོང་།  མཉམ་ལས།  རོགས་རམ་བཅས་བྱས་ཏེ།
རྒྱུན་ཆད་མེད་པར་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་སྲ་བརྟན་དང་གོང་འཕེལ་བཏང་ནས།   སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཆོགས་འཛུགས་སྐྲུན་བྱ་དགོས།
 ﹙10﹚མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་འཐབ་ཀྱིས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་ནི་དེང་སྐབས་མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་ཡིན།   གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་ནི།  དེང་སྐབས་མི་རིགས་ལས་དོན་གྱི་གལ་ཆེའི་ལས་འགན་ཞིག་དང་།   མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་ཐམས་ལམ་ཞིག་ཡིན།   ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་རྒྱུན་འཁྱོངས་བྱས་ཏེ།   གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མགྱོགས་གྱུར་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་དང་རོགས་རམ་ཤུགིས་ཆེན་བྱ་དགོས།  
 ﹙11﹚རིག་གནས་ནི་མི་རིགས་ཤིག་གི་གལ་ཆེའི་མཚོན་རྟགས་ཡིན་ལ།  གྲངས་ཉུང་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཀྱང་ཡིན།   རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་ཀྱི་ཡོད་པ་མ་ཟད།   གྲང་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་།  གོང་སྤེལ།   གསར་གཏོད་བཅས་ལ་རྒྱབ་སྐྱོར།   དེ་བཞིན་མི་རིགས་ཁག་དབར་རིག་གནས་སྤེལ་རེས་ཤུགས་ཆེར་གཏོང་བར་སྐུལ་མ་བཏང་གི་ཡོད།   སློབ་གསོ་དང་།    ཚན་རྩལ།  རིག་གནས།  འཕྲོད་བསྟེན།   ལུས་རྩལ་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས།   རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་དང་ཀུན་སྤྱོད་བྱང་ཚད།   ཚན་རིག་དང་རིག་གནས་བྱང་ཚད།   བདེ་ཐང་བྱང་ཚད་བཅས་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས།
 ﹙12﹚གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བསྐོ་འཐེན་བྱེད་པ་ནི་མི་རིགས་གནད་དོན་ཐག་གཅོད་དང་།  མི་རིགས་ལས་དོན་ལེགས་པོ་སྒྲུབ་པའི་འགག་རྩ་ཡིན་པ་མ་ཟད།
ཡུན་རིང་དང་གཞི་རྩར་དོ་དམ་བྱེད་པའི་དོན་ཆེན་ཡིན་སྟབས།   ཧུར་བརྩོན་ངང་སྤྱོད་ཡོན་གཉིས་ལྡན་གྱི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་དཔུང་ཁག་གཅིག་འཛུགས་སྐྱོང་བྱ་དགོས།  མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་སྔོག་འདོན་བྱ་རྒྱུ་ནི་འཐབ་ཇུས་རང་བཞིན་གྱི་ལས་འགན་ཞིག་ཡིན་པས།   མི་རིགས་ས་ཁུལ་དེང་རབས་ཅད་དུ་འཛུགས་སྐྲུན་བྱེད་པར་མཁོ་བའི་རིགས་ཁག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱ་དགོས།
  ཏང་གི་མི་རིགས་གཞུང་ལུགས་དང་སྲིད་ཇུས་ཀྱིས་གཅིག་ནས་རང་རྒྱལ་མི་རིགས་ཁག་ཐུན་མང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་བསྐྱོད་པའི་གཞི་རྩའི་དོན་དངོས་ལ་བསམ་གཞིགས་གང་ལེགས་བྱས་ཡོད་ལ།   གཉིས་ནས་མི་རིགས་ཁག་གི་འཕེལ་རྒྱས་ཆུ་ཚད་དང་རིག་གནས།  ཡུལ་སྲོལ་བཅས་ཀྱི་སྣ་མང་རང་བཞིན་དང་ཁྱད་པར་རང་བཞིན་གྱི་གཞི་རྩའི་དོན་དངོས་ལ་བསམ་གཞིགས་གང་ལེགས་བྱས་ཡོད་པ་དང་།  གཅིག་ནས་རང་རྒྱལ་ལོ་རྒྱུས་ཐོག་གི་མི་རིགས་གནད་དོན་ཐག་གཅོད་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་ཡོད་ལ།   གཉིས་ནས་འཛམ་གླིང་ཐོག་གི་རྒྱལ་ཁབ་ཁག་གཅིག་གི་མི་རིགས་གནད་དོན་ཐག་གཅོད་ཀྱི་བསླབ་བྱ་མི་ལོང་ལྟ་བུར་འཛིན་ཡོད།   གཅིག་ནས་གཞི་རྩའི་རྩ་དོན་དང་གཞི་རྩའི་འདུ་ཤེས་ཀྱི་བརྟན་ལྷིང་རང་བཞིན་དང་།   རྒྱུན་གཏན་རང་བཞིན།  རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱས་ཡོད་ལ།   གཉིས་ནས་ལས་ཀའི་ལྟེ་བ་སྤོ་སྒྱུར་དང་ལག་ལེན་དངོས་ཀྱི་འཕེལ་རྒྱས་དང་བསྟུན་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་།  གསར་སྒྱུར།  འཐུས་ཚང་དུ་བཏང་ཡོད།  ཏང་གི་མི་རིགས་གཞུང་ལུགས་དང་སྲིད་ཇུས་ཀྱིས་མི་རིགས་དང་མི་རིགས་གནད་དོན་གྱི་ཚན་རིག་གི་ནང་དོན་དང་།  སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་རང་གཤིས་ཁྱད་ཆོས།  དེང་རབས་ཀྲུང་གོའི་མི་རིགས་གནད་དོན་གྱི་གཞི་རྩའི་ཆོས་ཉིད་བཅས་དང་།  དེ་བཞིན་དེང་རབས་ཀྲུང་གོའི་མི་རིགས་གནད་དོན་ཐག་གཅོད་ཀྱི་གཞི་རྩའི་ལམ་ལུགས་དང་།   གཞི་རྩའི་རྩ་དོན།  རྩ་བའི་ཐབས་ལམ་དང་རྩ་བའི་ཁག་ཐེག་བཅས་གསལ་འགྲེལ་གཏིང་ཟབ་བྱས་ཡོད་པ་དང་།  ཅུང་ཆ་ཚང་བའི་སྒོ་ནས་གང་ཞིག་ལ་མི་རིགས་གནད་དོན་ཟེར་བ་དང་།  མི་རིགས་གནད་དོན་ཐག་གཅོད་གང་འདྲ་བྱེད་དགོས་མིན་གྱི་རང་རྒྱལ་མི་རིགས་ལས་དོན་གྱི་ཆེས་གཞི་རྩ་དང་གཙོ་བོའི་གནད་དོན་ལ་ལན་འདེབས་ཡོད།   ཏང་གི་མི་རིགས་གཞུང་ལུགས་དང་སྲིད་ཇུས་ནི་མའོ་ཙེ་ཏུང་གི་བསམ་བློ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་གཞུང་མ་ལག་གི་གལ་ཆེའི་གྲུབ་ཆ་ཞིག་དང་།   མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་བའི་འཕེལ་རྒྱས་གྲུབ་འབྲས།   རང་རེའི་ཏང་གི་བསམ་པའི་རྒྱུ་ནོར་གལ་ཆེན་བཅས་ཡིན་ལ།   ང་ཚོས་མི་རིགས་ལས་དོན་ལེགས་པོ་སྒྲུབ་པའི་གཞི་འཛིན་ས་ཡང་ཡིན།  མི་རིགས་མཐུན་སྒྲིལ་མར་ཐོན་གྱི་བྱ་གཞག་ལ་སྐྲུན་འདེད་གཏོང་བའི་རླབས་ཆེའི་བརྒྱུད་རིམ་ཁྲོད།  ངེས་པར་དུ་ཏང་གི་མི་རིགས་གཞུང་ལུགས་ཀྱི་ཁྲིད་སྟོན་གྱི་བབ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས་པ་ལས།   གཡོ་འགུལ་རྩ་བ་ནས་ཐེབས་མི་རུང་།