ཆོས་དོན་དགོངས་འགྲེལ་ར་བ།

སྤེལ་དུས། 2016-09-06   

  གླིང་གཙོ་འཇམ་དབྱངས་བཞད་པས་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་སློབ་རྣམས་དང་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གནང་བསྡུས།                     

  གཅིག ད་ལོ་ནི་བློ་མཐུན་ཏེང་ཞའོ་ཕིན་སྐུ་འཁྲུངས་ནས་ལོ་ངོ་110འཁོར་བའི་དྲན་གསོའི་ལོ་ཡིན་པས། ཟླ8ཚེས་20ཉིན་ཀྲུང་དབྱང་གིས་དྲན་གསོའི་བཞུགས་མོལ་ཚོགས་འདུ་གཟབ་རྒྱས་འཚོགས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་མཆོག་གིས་གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད།བློ་མཐུན་ཏེང་ཞའོ་ཕིན་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་བསྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱིའི་ཇུས་འགོད་པ་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་གསར་འབྱེད་པ་དང་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་པ་བཅས་ཡིན།དེ་ཡང་1978ལོའི་ཟླ12པར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་དེ་ཉིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རླབས་ཆེའི་བྱ་གཞག་གཏོད་འགོ་ཚུགས་པ་མཚོན་ཡོད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་པ་ལྷུར་ལེན་གྱིས་ཀྲུང་ཧྭ་མི་རིགས་ཀྱིས་ཀྱི་བསྐྱར་དང་རླབས་པོ་ཆེ་མངོན་འགྲུབ་བྱེད་པའི་ལམ་བུའི་སྟེང་གོམས་སྟབས་ཆེན་པོས་མདུན་དུ་བསྐྱོད་པ་རེད། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་མཛུབ་སྟོན་དང་། དམངས་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དུས་བབ་བཟང་པོའི་འོག བོད་ལ་བསྟན་པ་ཡང་དར་གྱི་དབུ་བརྙེས་པ་རེད། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་དུ་དབུ་བརྙེས་པ་འདིས་བསྟན་པ་ཡང་དར་གྱི་ཐོ་རངས་ཀྱི་ཉི་འོད་མཚོན་པ་དང་། དེ་བས་ཡོན་གནས་ལམ་ལུགས་གསར་པ་འཛུགས་སྐྱོང་བྱས་པ་ཡིས་འབྱུང་འགྱུར་བོད་བརྒྱུད་ནང་བསྟན་འདི་ཉིད་བདེ་ལེགས་ངང་དར་རྒྱས་ཡོང་ངེས་ཡིན་པ་མཚོན་ཐུབ།ང་ཚོ་མཐོ་རིམ་ནང་བསྟན་སློབ་གླིང་གིས་བོད་བརྒྱུད་ནང་བསྟན་ཡང་དར་གྱི་དུས་རབས་གསར་པའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་མི་སྣ་གསོ་སྐྱོང་བྱེད་པའི་ལས་འགན་ལྕི་མོ་འཁུར་ཡོད། ང་ཚོས་ཀྲུང་དབྱང་འཐབ་འཕྱོགས་གཅིག་གྱུར་པུའུ་ཡི་ཐད་ཀའི་དབུ་ཁྲིད་འོག རྒྱལ་གཅེས་ཆོས་གཅེས་མཐའ་འཁྱོངས་དང་། མི་སྣ་གསོ་སྐྱོང་མཐའ་འཁྱོངས་བྱས་ནས་ནང་བསྟན་སློབ་གླིང་ལེགས་པར་གཉེར་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྲུབ་ཡོང་ཆེན་བྱས་རྗེས་འབུལ་དགོས།

  གཉིས། བོད་བརྒྱུད་ནང་བསྟན་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་ན་ཕན་ཡོན་ཡོད་མེད་དང་། སློབ་གྲོགས་རྣམས་ཀྱིས་ཆབ་སློབ་སྦྱོང་བྱས་ན་ཕན་ཡོན་ཡོད་མེད་ཀྱི་གནད་དོན་དེ་དག་མ་གཞི་ཆབ་སྲིད་དང་འབྲེལ་བ་ཡོད་པ་ལྟར་སྣང་ཡང་། དོན་དངོས་ཐོག་ཆོས་ལུགས་དད་མོས་ཀྱི་གནད་དོན་ཡིན་པས། དེ་དག་ནི་ཆོས་དོན་དགོངས་འགྲེལ་དང་འབྲེལ་ན་གསལ་པོ་ཡོང་ཐུབ་པར་བསམས། ཁྲོམ་རའི་དཔལ་འབྱོར་གྱིས་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མ་ཟད། ང་ཚོས་ཡང་གནད་དོན་གསར་པ་འགའ་ཞིག་འཕྲད་ཡོད་དེ། དཔེར་ན། མེས་རྒྱལ་ནང་ལོགས་སུ་ཆོས་ལུགས་བྱེད་སྒོ་སྤེལ་བར་ཡོང་མཁས་མང་དུ་འགྲོ་བ་དང་བསྟུན། བོད་ཁུལ་དུ་ལྷ་ཁང་དང་དཀྱིལ་འཁོར་སོགས་ཆོས་ལུགས་སྒྲིག་བཀོད་འཛུགས་སྐྲུན་བྱེད་མཁན་གྱི་ནང་སའི་ཡོན་བདག་ཀྱང་ཇེ་མང་དུ་ཕྱིན་ཡོད་པ་དང་། དགོན་སྡེ་ཁག་ཕན་ཚུན་འགྲན་བསྡུར་གྱི་གནས་ཚུལ་མང་པོ་ཐོན་བཞིན་ཡོད་པ་མ་ཟད། ས་གནས་ཁག་གཅིག་གི་དགོན་སྡེའི་བཟོ་བཀོད་ལ་འགྱུར་ལྡོག་བློ་སེམས་བདེ་བར་གནས་དཀའ་བ་ཞིག་འབྱུང་བཞིན་ཡོད། གཞན་ད་དུང་ཇི་ལྟར་བྱས་ནས་དྲྭ་སྦྲེལ་དང་ལག་ཐོག་ཁ་པར་སོགས་དེང་རབས་ཅན་གྱི་འཕྲུལ་ཆས་བྱེད་སྤྱོད་ལེགས་པོ་གཏོང་རྒྱུ་དེ་ཡང་གནད་དོན་གལ་ཆེན་ཞིག་ཡིན།གལ་ཏེ་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཁྲོད་ཀྲུང་དབྱང་གི་དགོས་དོན་དང་མི་མཐུན་པའི་ས་གནས་སྲིད་ཇུས་ལྟ་བུ་འབྱུང་བའི་ཚེ། དེར་ལྟ་སྟངས་ཇི་ལྟར་འཛིན་དགོས་པ་ནི་གནད་དོན་ཞིག་ཡིན་ཏེ། ང་ཚོས་ནོར་འཁྲུལ་གྱི་བྱེད་ཐབས་ལ་རྟེན་ནས་གཞན་གྱི་ནོར་འཁྲུལ་ལ་ངོ་རྒོལ་བྱས་ན་མི་རུང་བར། རང་གི་སེམས་ལེགས་པར་འདུལ་བ་གལ་ཆེ། བོད་བརྒྱུད་བསྟན་པ་ཡང་དར་གྱི་དུས་སྐབས་གསར་པའི་ནང་ང་ཚོས་ད་དུང་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་པའི་གནད་དོན་མང་པོ་ཡོད་དེ། གོང་གསལ་ནི་དཔེ་ཙམ་བརྗོད་པ་ཡིན་རུང་ཚང་མ་ནི་ང་ཚོའི་དགེ་སློབ་རྣམས་ལ་ད་ལྟ་འཕྲད་བཞིན་པ་དང་། མ་འོངས་པར་འཕྲད་སྲིད་པའི་གནད་དོན་ཤ་སྟག་ཡིན། དེར་བརྟེན་དོན་དངོས་དང་ཟུང་འབྲེལ་བྱེད་པ་ནི་སློབ་སྲོལ་བཟང་པོ་ཞིག་ཡིན་པས། ཆབ་སྲིད་སློབ་སྦྱོང་དང་། ནང་རིག་སློབ་སྦྱོང་བྱེད་རྒྱུ་ཚང་མ་དོན་དངོས་དང་ཟུང་འབྲེལ་བྱ་དགོས་ཏེ། སློབ་སྦྱོང་བྱས་པ་བརྒྱུད་གནད་དོན་ཁག་ཡང་དག་པའི་སྒོ་ནས་ཐག་གཅོད་བྱ་དགོས།