ཆོས་དོན་དགོངས་འགྲེལ་ལས་འགན་གཟི་བརྗིད་ཆེ་ལ་དཀའ་ཚེགས་ཆེ།

སྤེལ་དུས། 2016-09-01   

——2013ལོའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ལས་དོན་དཔྱད་གླེང་ཚོགས་འདུའི་ནང་དོན་ཕྱོགས་བསྡུས།
   སྤྱི་ཟླ་11ཚེས་3ཉིན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་གཉིས་མཉམ་ལས་ཐོག་མཐོ་རིམ་ནང་བསྟན་སློབ་གླིང་དུ་“2013ལོའི་བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་ལས་དོན་དཔྱད་གླེང་ཚོགས་འདུ་”འཚོགས་པ་རེད།
   མཐོ་རིམ་ནང་བསྟན་སློབ་གླིང་གི་“ཡོན་གནས་ཨུ་ལྷན་གཉིས་”ཀྱི་ཚོགས་འདུར་ཕེབས་མཁན་བླ་མ་སྐྱེས་ཆེན་དགེ་བའི་བཤེས་གཉེན་དང་། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་མཁས་དབང་།  ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་དང་། ཆོས་ལུགས་སྡེ་ཁག  ནང་བསྟན་མཐུན་ཚོགས་བཅས་ཀྱི་འབྲེལ་ཡོད་དབུ་ཁྲིད་དང་། བོད་བརྒྱུད་ནང་བསྟན་གྱི་ཞིབ་འཇུག་པའི་སྐུ་ཚབ་སོགས་མི་གྲངས་80ཙམ་དཔྱད་གླེང་ཚོགས་འདུར་ཞུགས་ཤིང་།  མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རམས་པ་དང་འབྲིང་རམས་པ་འཛིན་གྲྭའི་སློབ་མ་ཡོངས་ཚོགས་འདུར་ཟུར་ཞུགས་གནང་བ་དང་།  དགེ་བའི་བཤེས་གཉེན་དང་མཁས་དབང་12ཀྱིས་རང་ཉིད་ཀྱིས་བརྩམས་པའི་ཆོས་དོན་དགོངས་འགྲེལ་ལྗགས་རྩོམ་དང་ཞིབ་འཇུག་གྲུབ་འབྲས་སྒྲོག་སྦྱང་གནང་བ་རེད།
   ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལྷག་པ་ཕུན་ཚོགས་སོགས་འབྲེལ་ཡོད་དབུ་ཁྲིད་ཚོགས་འདུ་འགོ་ཚུགས་པའི་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་ཞིང་།  གླིང་གཙོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གི་གསུང་བཤད་ནང་།  ཧུར་བརྩོན་གྱིས་ཆོས་ཀྱི་དགོངས་དོན་དང་།  ཆོས་འབྲེལ་ཀུན་སྤྱོད།   ཆོས་ཕྱོགས་རིག་གནས་སོགས་ལས་སྤྱི་ཚོགས་འཆམ་མཐུན།  དུས་རབས་ཡར་ཐོན།  དཔལ་ཡོན་དར་སྤེལ་བཅས་ལ་ཕན་པའི་ནང་དོན་རྣམས་འཚོལ་ཞིབ་འདོན་སྤེལ་བྱས་ནས།  ཆོས་ཀྱི་དགོངས་དོན་ལ་སྤྱི་ཚོགས་འཆམ་མཐུན་ཡོང་བའི་བླང་བྱ་དང་མཐུན་པའི་འགྲེལ་བཤད་རྒྱག་དགོས་པ་ནི་ཆོས་དོན་དགོངས་འགྲེལ་ལས་ཀའི་ཁྲིད་སྟོན་བསམ་བློ་དང་གཞི་རྩའི་ནང་དོན་ཡིན།  ཞེས་བཀའ་སློབ་གནང་བ་དང་། ཁོང་གིས་ཆོས་དོན་དགོངས་འགྲེལ་ལས་དོན་གྱི་ལས་འགན་གཟི་བརྗིད་ཆེ་ལ་དཀའ་ཚེགས་ཆེ།  ང་ཚོས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་རྣམས་ལས་ཀའི་ཁྲིད་སྟོན་དུ་བཟུང་ནས།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཐད་ཀའི་དབུ་ཁྲིད་འོག  བློ་སེམས་གཅིག་ཏུ་སྒྲིལ་ནས་འབད་བརྩོན་ལྷོད་མེད་བྱས་ཏེ།  བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ལས་དོན་དེ་ཡང་དག་ཕྱོགས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡོང་བ་བྱ་དགོས།  ཞེས་བཀའ་སློབ་གནང་བ་རེད།
   གླིང་གཙོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གིས།  ཆོས་དོན་དགོངས་འགྲེལ་གྱི་ལས་ཀ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ཉམས་མེད་གོང་འཕེལ་དང་།  བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་དང་འབྲེལ་བ་ཡོད་པས།  ང་ཚོས་ཆོས་དོན་དགོངས་འགྲེལ་བྱེད་པའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ནས་དེ་འབྲེལ་གྱི་ལས་ཀར་ཤུགས་སྣོན་རྒྱག་དགོས། ཞེས་དང་།  ང་ཚོས་ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐར་ཕྱིན།  ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ལ་གོ་བ་གཏིང་ཟབ་བླངས་ནས།  བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཁྲོད་ཆོས་དོན་དགོངས་འགྲེལ་ལས་ཀའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།  ཞེས་ནན་བཤད་གནང་བ་དང་སྦྲགས།  ཆོས་དོན་དགོངས་འགྲེལ་ལས་ཀས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་དགོས་པ་དང་།  རང་རྒྱལ་བོད་རིགས་ས་ཁུལ་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བརྟན་ལྷིང་ཡོང་ཕྱིར་ཞབས་ཞུ་བསྒྲུབ་དགོས་པ་མ་ཟད།  ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་སྟེ།  ཀྲུང་གོའི་ཕུགས་འདུན་མངོན་གྲུབ་ཡོང་ཕྱིར་བྱས་རྗེས་གང་མང་འཇོག་དགོས།  ཞེས་ནན་བཤད་གནང་བ་རེད།
 སྤྱི་ཁྱབ་ལས་འཛིན་པ་ལྷག་པ་ཕུན་ཚོགས་ཀྱིས་གསུང་བཤད་གནང་སྐབས། ཆོས་དོན་དགོངས་འགྲེལ་ནི་བོད་བརྒྱུད་ནང་བསྟན་ལ་སྔར་ནས་ཡོད་པའི་སྲོལ་རྒྱུན་ཡིན་པས།  དེ་སྔ་ཕྱི་བར་གསུམ་དུ་བོད་བརྒྱུད་ནང་བསྟན་དར་རྒུད་ཅི་ཡོང་དང་འབྲེལ་བ་དམ་པོ་ཡོད།  ཅེས་བཀའ་སློབ་གནང་བ་དང་།  ཁོང་གིས་ད་དུང་ཆོས་དོན་དགོངས་འགྲེལ་བྱ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་འབྲེལ་བ་ཡོད།  ཅེས་ནན་བཤད་གནང་ཡོད།
   དཔྱད་གླེང་ཚོགས་འདུའི་ཐོག་མཐོ་རམས་པ་དང་དགེ་རྒན་ཆེན་མོ་ལས་གྲུབ་པའི་དགེ་བའི་བཤེས་གཉེན་དང་མཁས་དབང་12ཀྱིས་གཏམ་བཤད་གནང་ནས།  ཕྱོགས་མི་འདྲ་བའི་ཐོག་ནས་རང་རང་གི་བསམ་ཚུལ་མི་འདྲ་བ་དང་ཞིབ་འཇུག་བྱས་པའི་གྲུབ་འབྲས་རྣམས་སྒྲོག་སྦྱང་གནང་བ་རེད། མཐོ་རམས་པ་བྱམས་པ་འཕྲིན་ལས་མཆོག་ནས་《བོད་བརྒྱུད་ནང་བསྟན་པས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་ཚུལ་སྐོར་གྱི་བསམ་གཞིགས་》ཞེས་དང་། མཐོ་རམས་པ་བློ་ཆོས་མཆོག་ནས་《བོད་བརྒྱུད་ནང་བསྟན་ཆོས་ལུགས་ལག་ལེན་མཐར་ཕྱིན་བྱས་ཏེ་འགྲོ་དྲུག་བདེ་ལ་འགོད་ཅིང་རྒྱལ་ཁམས་དཔལ་གྱིས་བརྒྱན་དགོས་》ཞེས་དང་།  མཐོ་རམས་པ་བྱང་ཆུབ་སེམས་དཔའ་མཆོག་ནས་《ཆོས་དོན་དགོངས་འགྲེལ་གྱི་དགོས་པ་དང་ཕན་ཡོན་སྐོར་མདོ་ཙམ་གླེང་བ་》ཞེས་དང་། མཐོ་རམས་པ་ཆོས་པོ་མཆོག་ནས་《ནང་བསྟན་ཆོས་ལུགས་དང་ཆོས་ལུགས་པ་དག་གིས་སྤྱི་ཚོགས་ལ་ཕན་པ་བསྐྲུན་ཐུབ་པའི་སྐོར་གླེང་བ་》ཞེས་དང་། མཐོ་རམས་པ་ཡོན་ཏན་བཀྲ་ཤིས་མཆོག་ནས་《དཔལ་ཡོན་གཉིས་ལྡན་གྱི་སྒོ་ནས་ཡ་རབས་ཞི་མཐུན་གྱི་ལམ་བུ་འཚོལ་ཞིབ་བྱེད་པའི་ལྟ་ཚུལ་གླེང་བ་》ཞེས་དང་། མཐོ་རམས་པ་བསྟན་པ་དབང་འདུས་མཆོག་ནས་《ནང་ཆོས་ཀྱི་བདེན་བཞི་ལས་སྤྱི་ཚོགས་ཀྱི་ཕན་འབྲས་སྐོར་གླེང་བ་》ཞེས་དང་།  འབྲིང་རམས་པ་བྱམས་པ་བརྩོན་འགྲུས་མཆོག་ནས་《ནང་པ་སངས་རྒྱས་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་སྔོག་འདོན་གྱིས་སྤྱི་ཚོགས་དང་འཚམ་པའི་ཆོས་ལུགས་མི་སྣའི་དགེ་མཚན་འདོན་སྤེལ་གང་ལེགས་བྱ་རྒྱུའི་སྐོར་གྱི་བསམ་ཚུལ་མདོར་བསྡུས་》ཞེས་པའི་དཔྱད་རྩོམ་སྒྲོག་སྦྱང་གནང་བ་དང་སྦྲགས།  མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་དང་ཞིབ་འཇུག་པ་ལིའུ་ཧུང་ཅིས་《ཆོས་སྲིད་ཟུང་འབྲེལ་ལམ་ལུགས་འདུལ་བའི་དགོངས་པ་ལས་འགལ་བའི་སྐོར་》གྱི་དཔྱད་རྩོམ་སྒྲོག་སྦྱང་གནང་བ་དང་།   ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བདེ་སྐྱིད་སྒྲོལ་མ་མཆོག་ནས་《བྱང་ཆུབ་སྡོམ་པའི་རྩ་བའི་སྙིང་པོ་དང་དེང་རབས་ཀྱི་དོན་སྙིང་》ཞེས་པ་དང་། འབུམ་རམས་པ་ལོའུ་ཧུང་མཆོག་ནས་《ས་པཎ་གྱི་གསུང་ལས་བསྟན་པའི་དྲང་བདེན་གྱི་བསམ་བློ་》ཅེས་དང་།  ཞིབ་འཇུག་པ་ཆེ་མོ་གཞོན་པ་ལི་ཞོལ་ཀྲུའུ་ནས་《ལྟ་བ་རྟེན་འབྱུང་གི་ཕན་ཡོན་》ཞེས་དང་།   ལས་རོགས་ཞིབ་འཇུག་པ་ཀླུ་མོ་འཚོ་ནས་《ཀུན་བཟང་བླ་མའི་ཞལ་ལུང་ལས་བཤེས་གཉེན་ལ་བསྟེན་པ་ཞེས་པའི་དགོངས་འགྲེལ་མདོ་ཙམ་བརྗོད་པ་》ཞེས་པའི་དཔྱད་རྩོམ་སྒྲོག་སྦྱང་གནང་བ་རེད།
   གཏམ་བཤད་ཁྲོད་ཚང་མས་ཡང་དག་གི་ཆབ་སྲིད་ལམ་ཕྱོགས་མཐའ་འཁྱོངས་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་དོན་འཁྱོལ་མཐར་ཕྱིན་གྱིས། བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཁྲོད་ཆོས་དོན་དགོངས་འགྲེལ་ལས་ཀའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་བྱེད་པའི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་གཏོང་དགོས་པའི་ངོས་འཛིན་བྱས་པ་དང་སྦྲགས། གཅིག་མཐུན་ཐོག་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་རྣམས་ལས་ཀའི་ཁྲིད་སྟོན་དུ་བཟུང་ནས།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཡང་དག་དབུ་ཁྲིད་འོག  བློ་སེམས་གཅིག་ཏུ་སྒྲིལ་ནས་འབད་བརྩོན་ལྷོད་མེད་བྱས་ཏེ།  བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ལས་དོན་དེ་ཡང་དག་ཕྱོགས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡོང་བ་བྱ་དགོས་པའི་ངོས་འཛིན་གནང་བ་མ་ཟད།  ཆོས་དོན་དགོངས་འགྲེལ་ལས་ཀས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་དགོས་པ་དང་།  རང་རྒྱལ་བོད་རིགས་ས་ཁུལ་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བརྟན་ལྷིང་ཡོང་ཕྱིར་ཞབས་ཞུ་བསྒྲུབ་དགོས་པ་མ་ཟད།  ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་སྟེ།  ཀྲུང་གོའི་ཕུགས་འདུན་མངོན་གྲུབ་ཡོང་ཕྱིར་བྱས་རྗེས་གང་མང་འཇོག་དགོས་པ་དང་།  ཕྱིན་ཆད་ད་དུང་སྔར་ལས་ལྷག་པར་སློབ་གྲྭ་ཆེ་གྲས་ཁག་དང་ཞིབ་འཇུག་ལས་ཁུངས་བར་འབྲེལ་བ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ།  དགོངས་འགྲེལ་ལས་ཀའི་བསམ་ཕྱོགས་རྒྱ་བསྐྱེད་ཀྱིས་ཆོས་དོན་དགོངས་འགྲེལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཏེ། སྔར་ལས་ལྷག་པར་ཆོས་དོན་དགོངས་འགྲེལ་ལས་དོན་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
   ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་རྒྱུན་ལས་གླིང་གཙོ་གཞོན་པ་ཝང་ཁྲང་ཡུས་ཀྱིས་དཔྱད་གླེང་ཚོགས་འདུ་མཇུག་སྒྲིལ་སྐབས་ཕྱོགས་བསྡོམས་གསུང་བཤད་གནང་ནས།  མ་གཞི་ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་དུས་ཡུན་ཐུང་ན་ཡང་། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་དེ། གཙོ་གཉེར་ལས་ཁུངས་གཉིས་དང་འབྲེལ་ཡོད་སྡེ་ཁག་གི་དབུ་ཁྲིད་མང་དག་ཅིག་ཚོགས་འདུར་ཞུགས་པ་དང་། སྐྱེས་ཆེན་དགེ་བའི་བཤེས་གཉེན་དང་མཁས་དབང་བཅུ་གྲངས་ཤིག་གིས་ཚོགས་འདུའི་ཐོག་ཆོས་དོན་དགོངས་འགྲེལ་སྐོར་གྱི་དཔྱད་རྩོམ་དང་ཞིབ་འཇུག་གྲུབ་འབྲས་སྒྲོག་སྦྱང་བྱས་པས།   སྔོན་དཔག་བྱས་པའི་དམིགས་ཚད་ལྟར་ཚོགས་འདུར་གྲུབ་འབྲས་ཐོབ་པ་རེད། ཅེས་བསྔག་བརྗོད་ཆེན་པོ་གནང་བ་རེད།
   ཁོང་གི་གསུང་བཤད་ནང་། བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་ལས་དོན་ནི་བོད་བརྒྱུད་ནང་བསྟན་གྱི་དོན་དག་ཆེན་པོ་ཞིག་རེད།  ལས་དོན་དེའི་ཐོག་ནས་ཀྲུང་དབྱང་ཕྱོགས་ནས་བོད་བརྒྱུད་ནང་བསྟན་དང་ཆོས་དོན་དགོངས་འགྲེལ་ལས་དོན་ལ་སྔ་ཕྱི་བར་གསུམ་དུ་མཐོང་ཆེན་དང་། ཐུགས་ཁུར། རྒྱབ་སྐྱོར་གནང་མུས་ཡིན་པ་མངོན་པར་དུ་མཚོན་ཡོད།  ད་རེས་ཀྱི་ཆོས་དོན་དགོངས་འགྲེལ་དཔྱད་གླེང་ཚོགས་འདུ་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཚད་མཐོའི་མཐོང་ཆེན་དང་ཞིབ་ཕྲའི་མཛུབ་སྟོན་གནང་བ་མ་ཟད། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་དང་།  མི་རིགས་ཆོས་ལུགས་ནང་བསྟན་མཐུན་ཚོགས་ལ་སོགས་པའི་ལས་ཁུངས་ཁག་ནས་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
   ཆོས་དོན་དགོངས་འགྲེལ་ནི་བོད་བརྒྱུད་ནང་བསྟན་ལ་སྔར་ནས་ཡོད་པའི་སྲོལ་རྒྱུན་ཡིན་པས།  དེ་སྔ་ཕྱི་བར་གསུམ་དུ་བོད་བརྒྱུད་ནང་བསྟན་དར་རྒུད་ཅི་ཡོང་དང་འབྲེལ་བ་དམ་པོ་ཡོད།  ནང་བསྟན་ཆོས་ཀྱི་དགོངས་པར་སྤྱི་ཚོགས་འཕེལ་རྒྱས་དང་ཤེས་རིག་དཔལ་ཡོན་དར་བའི་བླང་བྱ་དང་མཐུན་པའི་དེང་རབས་ཀྱི་འགྲེལ་བཤད་བྱ་རྒྱུ་འདི་ནི།   བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་དང་འཚམ་མཐུན་བྱེད་པའི་དགོས་མཁོ་དང་།  འཚོ་བ་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པའི་འགྲོ་ཕྱོགས་ལྡོག་མེད་ཅིག་ཡིན་པས། ཆོས་དོན་དགོངས་འགྲེལ་གྱི་ལས་འགན་གཟི་བརྗིད་ཆེ་ལ་དཀའ་ཚེགས་ཆེ་བ་ཞིག་རེད།
   རྒྱུན་ལས་གླིང་གཙོ་གཞོན་པ་ཝང་ཁྲང་ཡུས་ཀྱིས་ཐེངས་འདིའི་དཔྱད་གླེང་ཚོགས་འདུར་ཕྱོགས་བསྡོམས་གནང་ནས་ཁྱད་ཆོས་ཁག་གསུམ་ཡོད་པའི་སྐོར་གླེང་བ་གཤམ་གསལ།
   གཅིག  བརྗོད་བྱའི་ནང་དོན་ཤིན་ཏུ་གསལ་བ།  ད་རེས་ཀྱི་ཚོགས་འདུར་ཕུལ་བའི་དཔྱད་རྩོམ་གྱི་ནང་དོན་གཙོ་བོ་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་དང་། བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཁག་འཆམ་མཐུན་མཉམ་གནས་ངང་གོང་འཕེལ།  བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་འཛིན་སྐྱོང་གོང་འཕེལ།  གཞན་ཕན་ལྷག་བསམ་མངོན་གྲུབ།  བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་བསམ་པའི་དཔལ་ཡོན་དར་སྤེལ།  བོད་བརྒྱུད་ནང་བསྟན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་སོགས་དང་འབྲེལ་བ་ཡོད་པས། དེ་དག་གཅིག་ཏུ་བསྡུས་ནས་བཤད་ན།  ཀྲུང་གོའི་ཕུགས་འདུན་མངོན་གྲུབ་བྱ་རྒྱུ་ཁོ་ནའི་ཆེད་དུ་རེད།  ཚང་མས་རང་ཉིད་བོད་བརྒྱུད་ནང་བསྟན་པ་ཞིག་དང་བོད་རིག་པ་ཞིབ་འཇུག་པ་ཞིག་ཡིན་པའི་ངོས་ནས།  ཀྲུང་གོའི་ཕུགས་འདུན་མངོན་གྲུབ་ཡོང་ཆེད་རང་ཉིད་ཀྱི་རེ་སྨོན་དང་ཕུགས་འདུན་མཚོན་པར་བྱས་ཡོད་པས། དཔྱད་གླེང་ཚོགས་འདུར་གྲུབ་འབྲས་ཡག་པོ་ཐོབ་པ་རེད།
   གཉིས།  འདུལ་བའི་སྐོར་གྱི་དགོངས་འགྲེལ་དམིགས་བསལ་ཆེ་བ།  འདུལ་དོན་དགོངས་འགྲེལ་ནི་ཆོས་དོན་དགོངས་འགྲེལ་གྱི་འགོ་འཛུགས་ས་རེད། ད་རེས་ཀྱི་དཔྱད་གླེང་ཚོགས་འདུར་དཔྱད་རྩོམ་སྒྲོག་སྦྱང་བྱེད་མཁན་མི་12ཡོད་པའི་ནང་ནས།  གླིང་གཙོ་གཞོན་པ་ལིའུ་ཧུང་ཅིས་དང་ཞིབ་འཇུག་པ་བདེ་སྐྱིད་སྒྲོལ་མས་ཆེད་མངག་འདུལ་དོན་སྐོར་གླེང་བ་དང་། གཞན་ཡང་དཔྱད་རྩོམ་8ཀྱི་ནང་ཚད་གཞི་མི་འདྲ་བའི་ཐོག་ནས་ནང་བསྟན་གྱི་འདུལ་དོན་སྐོར་དཔྱད་གླེང་གནང་ཡོད།  འདུལ་བ་ནི་དམ་པའི་ཆོས་ཡུན་དུ་གནས་པའི་རྩ་བ་དང་བསྟན་པ་དར་བའི་སྲོག་ཤིང་ཡིན་སྟབས།  འདུལ་ཁྲིམས་མེད་ན་ནང་ཆོས་ཉམས་ངེས་ཡིན།  ལོ་རྒྱུས་ཐོག་བྱུང་བའི་སངས་རྒྱས་ཆོས་ལུགས་ཀྱི་གེགས་བར་འགའ་ལ་བལྟས་ན།  དེ་རིགས་ཀུན་གྱི་རྒྱུ་རྐྱེན་གཙོ་བོ་འདུལ་བའི་སྡོམ་རྒྱུན་གཙང་མར་སྲུང་མ་ཐུབ་པ་ལས་བྱུང་བ་ཤ་སྟག་རེད།  ལག་ལེན་དངོས་ལས་ར་སྤྲོད་བྱུང་བ་ལྟར་ན།  ཆོས་དོན་དགོངས་འགྲེལ་གྱི་གཙོ་གནད་དེ་འདུལ་དོན་དགོངས་འགྲེལ་ཐོག་བཞག་ནས།  རྒྱ་ཆེའི་དགེ་འདུན་པས་དད་པ་བརྟན་ལ་འདུལ་ཁྲིམས་དང་རྒྱལ་ཁྲིམས་སྲུང་བར་འཁྲིད་སྟོན་བྱས་ནས།  ཁོང་རྣམས་རྒྱལ་གཅེས་ཆོས་གཅེས་པ་ཡག་པོ་ཞིག་ཆགས་པ་བྱ་རྒྱུ་དེ་རེད།
   གསུམ།   ཆོས་ལུགས་མི་སྣ་སྔར་བས་མང་བ་ཆོས་དོན་དགོངས་འགྲེལ་ལ་ཞུགས་པ། ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་དགའ་འོས་པའི་རྣམ་པ་ཞིག་ནི་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་པ་དེ་རེད།  ཚོགས་འདུར་ཞུགས་མཁན་ནང་གྲུབ་འབྲས་གཡུར་དུ་ཟ་བའི་མཁས་དབང་ཡོད་པ་མ་ཟད། ཆོས་ལུགས་མི་སྣ་སྔར་བས་མང་བ་ཞིག་གིས་བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་གྱི་ལས་དོན་ལ་དོ་ཁུར་གནང་དང་གནང་མུས་རེད།  ད་རེས་ཀྱི་དཔྱད་གླེང་ཚོགས་འདུར་དཔྱད་རྩོམ་སྒྲོག་སྦྱང་བྱེད་མཁན་མི་12ཡོད་པའི་ནང་།  ཆོས་ལུགས་མི་སྣ་7ཡོད་པ་མ་ཟད། ཁོང་རྣམ་པ་ཚང་མ་རང་རེའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། མཐོ་རམས་པ།   འབྲིང་རམས་པ་ཤ་སྟག་རེད། དགའ་འོས་པའི་རྣམ་པ་འདིས་བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་ལ་ཞུགས་མཁན་ཆོས་ལུགས་ལས་རིགས་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་པ་མཚོན་ཡོད།
    ཁོང་གིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས།  ད་རེས་ཀྱི་དཔྱད་གླེང་ཚོགས་འདུ་ལེགས་གྲུབ་བྱུང་སྟེ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས།  བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་ལས་ཀར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅེས་གསུང་པ་དང་། ཁོང་གིས་ངེས་པར་དུ་གླིང་གཙོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གིས་བཏོན་པའི་“ང་ཚོས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་རྣམས་ལས་ཀའི་ཁྲིད་སྟོན་དུ་བཟུང་ནས།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཐད་ཀའི་དབུ་ཁྲིད་འོག  བློ་སེམས་གཅིག་ཏུ་སྒྲིལ་ནས་འབད་བརྩོན་ལྷོད་མེད་བྱས་ཏེ།  བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ལས་དོན་དེ་ཡང་དག་ཕྱོགས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡོང་བ་བྱ་དགོས།  ཆོས་དོན་དགོངས་འགྲེལ་གྱི་ལས་ཀ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ཉམས་མེད་གོང་འཕེལ་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་དང་འབྲེལ་བ་ཡོད་པས།  ང་ཚོས་ཆོས་དོན་དགོངས་འགྲེལ་བྱེད་པའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ནས་དེ་འབྲེལ་གྱི་ལས་ཀར་ཤུགས་སྣོན་རྒྱག་དགོས།” ཞེས་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱ་དགོས་ཞེས་གསུང་པ་རེད།
   མཇུག་མཐར།  ང་ཚོས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ནས།  སློབ་གྲྭ་ཆེ་གྲས་ཁག་དང་ཞིབ་འཇུག་ལས་ཁུངས་བར་འབྲེལ་བ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ།  ཕན་ཚུན་རྒྱུས་མངའ་དང་དཔེ་སྟོན་བྱེད་ཤུགས་ཆེ་རུ་བཏང་བའི་རྨང་གཞིའི་སྟེང་།  ཆོས་དོན་དགོངས་འགྲེལ་བྱེད་པའི་ལས་ཀའི་ལམ་བུ་ཇེ་ཡངས་སུ་བཏང་ནས།  ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པའི་སྐོར་ཁོང་གིས་ནན་བཤད་གནང་བ་མ་ཟད།   ང་ཚོ་ཚང་མའི་འབད་བརྩོན་འོག བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ངེས་ཡིན་པའི་ཡིད་ཆེད་བརྟན་པོ་ཡོད། ཅེས་གསུང་པ་རེད། 
   ཆོས་དོན་དགོངས་འགྲེལ་ལས་དོན་ནི་འཚམ་མཐུན་ཡོང་བར་འཁྲིད་སྟོན་བྱེད་པའི་ཐབས་ལམ་བཟང་པོ་ཞིག་ཡིན།