སྐབས་གཉིས་པའི་བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་ལས་དོན་དཔྱད་གླེང་ཚོགས་འདུའི་ཐོག་གི་གཏམ་བཤད།

སྤེལ་དུས། 2016-09-01   

འཇམ་བཞད་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མས།
2012ལོའི་ཟླ་12ཚེས་1ཉིན།
 

  ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནི་ཤིན་ཏུ་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་རེད།  དེར་ལག་ལེན་དངོས་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་གཟབ་ལྡན་ཡོད།  ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་རླབས་པོ་ཆེ་གོང་འཕེལ་གཏོང་བའི་གཞི་འཛིན་ས་དང་ལམ་སྟོན་སྒྲོན་མེ་རེད།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་བཞིན་པའི་བཀྲ་ཤིས་དུས་བཟང་འདིར།  བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་ལས་དོན་དཔྱད་གླེང་ཚོགས་འདུ་སྐོང་ཚོགས་བྱེད་ཐུབ་པར་ང་ཚོ་དགའ་ཚོར་ཆེན་པོ་བྱུང་།  ངས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཚབ་ཞུས་ནས་སྐབས་གཉིས་པའི་བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་ལས་དོན་དཔྱད་གླེང་ཚོགས་འདུར་རྟེན་འབྲེལ་ཞུ་རྒྱུ་དང་སྦྲགས།  ཚོགས་འདུ་གཙོ་སྐྱོང་གནང་མཁན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཀྱི་འོད་ཟེར་འོག  བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་བྱེད་པའི་ལམ་བུར་སྐྱོད་འགོ་ཚུགས་པ་རེད།   འདི་ནི་འོད་ཟེར་ལྡན་པའི་ལམ་ཆེན་ཞིག་རེད།  བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་བྱ་རྒྱུ་དེ་ནི།  ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དང་མཐུན་ལ།   དུས་རབས་འཕེལ་རྒྱས་འགྲོ་བའི་གོམ་སྟབས་དང་མཐུན་ཞིང་།  བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་རྣམས་ཀྱི་རེ་འདུན་དང་ཡོངས་སུ་མཐུན་པ་ཞིག་རེད།  རང་རྒྱལ་གྱི་བོད་རིགས་ས་ཁུལ་དུ་ཞི་བས་བཅིངས་འགྲོལ་དང་།   དམངས་གཙོའི་བཅོས་བསྒྱུར།  ཆོས་སྲིད་ཟུང་འབྲེལ་ལམ་ལུགས་མེད་པ་བཟོ་བ་ལ་སོགས་པའི་བྱ་བ་ཆེན་པོ་གསུམ་ལེགས་གྲུབ་བྱུང་བ་ལས།  བོད་བརྒྱུད་ནང་བསྟན་བསྐྱར་དུ་འཚོ་བར་བྱེད་པའི་བླ་སྲོག་གསར་པ་ཞིག་ཡོང་ཕྱིར་མཐུན་རྐྱེན་གལ་ཆེན་བསྐྲུན་པ་རེད།  ང་ཚོས་ཆོས་ཀྱི་དགོངས་དོན།  ཆོས་འབྲེལ་ཀུན་སྤྱོད།   ཆོས་ཕྱོགས་རིག་གནས་སོགས་ལས་སྤྱི་ཚོགས་འཕེལ་རྒྱས།  དུས་རབས་ཡར་ཐོན།  དཔལ་ཡོན་དར་འཕེལ་ཡོང་བར་ཕན་པའི་ནང་དོན་རྣམས་སྔོག་འདོན་དང་དར་སྤེལ་གཏོང་གང་ཐུབ་བྱས་ནས།  ཆོས་ཀྱི་དགོངས་དོན་ལ་སྤྱི་ཚོགས་འཆམ་མཐུན་ཡོང་བའི་བླང་བྱ་དང་མཐུན་པའི་འགྲེལ་བཤད་བརྒྱབ་རྒྱུ་དེ་ཆོས་དོན་དགོངས་འགྲེལ་ལས་དོན་འགྲིག་མིན་བརྟག་པར་བྱེད་པའི་ཚད་གཞི་རེད།  ཆོས་དོན་དགོངས་འགྲེལ་ལས་དོན་དེ་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུར་ཕན་པ་ཆེ་ལ།  འཚམ་མཐུན་བྱེད་པར་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པས།   འཚམ་མཐུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱ་དགོས། ཏང་གི་འགོ་ཁྲིད་ནི་ཆོས་དོན་དགོངས་འགྲེལ་གྱི་ལས་དོན་ལེགས་པར་གྲུབ་པའི་རྩ་བའི་འགན་ལེན་ཡིན་པ་དང་།  ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ནི་ཆོས་དོན་དགོངས་འགྲེལ་གྱི་ལས་ཀར་ཁྲིད་སྟོན་བྱེད་པའི་བསམ་བློ་གཙོ་བོ་རེད།  དེས་ན་ཆོས་དོན་དགོངས་འགྲེལ་ལས་ཀར་གྲུབ་འབྲས་གསར་པ་ལེན་པའི་ཆེད་དུ་ང་ཚོ་ནང་བསྟན་སློབ་གླིང་གི་ལས་གྲོགས་ཡོངས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བློ་མཐུན་རྣམས་དང་མཉམ་དུ་ཐུན་མོང་ཐོག་འབད་བརྩོན་བྱེད་འདོད་ཡོད།