སློབ་གླིང་གི་འཐུས་ཚབ་སྤྱི་ཚོགས་རིང་ལུགས་སློབ་གླིང་དུ་སློབ་ཁྲིད་དོ་དམ་གྱི་སློབ་སྦྱོང་བྱེད་པར་བསྐྱོད།

སྤེལ་དུས། 2016-09-01   

ནང་བསྟན་སློབ་གླིང་གི་འཐུས་ཚབ་སྤྱི་ཚོགས་རིང་ལུགས་སློབ་གླིང་དུ་སློབ་ཁྲིད་དོ་དམ་གྱི་ཉམས་མྱོང་སློབ་སྦྱོང་དུ་བསྐྱོད་པ།

 

  ཟླ་3ཚེས་19ཉིན། གླིང་གཙོ་གཞོན་པ་ལིའུ་ཕེང་གི་སྣེ་ཁྲིད་འོག་མཐོ་རིམ་ནང་བསྟན་སློབ་གླིང་གི་འཐུས་ཚབ་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་དུ་བཞུགས་མོལ་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ཏང་ཙུའུ་ཁོངས་མི། སློབ་དོན་དབུ་འཛིན་ཡང་ཅེ་དང་། སློབ་དོན་པུའུ་དང་མི་དོན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་སློབ་ཁྲིད་དང་དོ་དམ་སྐོར་གྱི་ཉམས་མྱོང་ཞིབ་ཕྲ་ངོ་སྤྲོད་གནང་བ་མ་ཟད། མཐོ་རིམ་ནང་བསྟན་སློབ་གླིང་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ནང་བསྟན་སློབ་གླིང་གི་སློབ་ཁྲིད་ལས་ཀར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
  གླིང་གཙོ་གཞོན་པ་ལིའུ་ཕེང་གིས་མཐོ་རིམ་ནང་བསྟན་སློབ་གླིང་གི་ལོ་རྒྱུས་འཕེལ་རིམ་དང་། སློབ་ཁྲིད་བཀོད་སྒྲིག ཡོན་གནས་སྤྲོད་ལུགས་སོགས་ཀྱི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་གནང་བ་དང་། ཁོང་གིས། ཀྲུང་དབྱང་གིས་བོད་བརྒྱུད་ནང་བསྟན་གྱི་ཚབ་མཚོན་མི་སྣའི་གསོ་སྐྱོང་ལས་ཀར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། མཐོ་རིམ་ནང་བསྟན་སློབ་གླིང་གིས་བོད་བརྒྱུད་ནང་བསྟན་གྱི་ཚབ་མཚོན་མི་སྣ་གསོ་སྐྱོང་བྱེད་རྒྱུའི་ཐད་ལས་འགན་ཧ་ཅང་ལྗིད་མོ་འཁུར་ཡོད། མིག་སྔར་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་ཁྲིད་ཕྱི་རྐྱེན་ཅུང་ལེགས་ཙམ་ཡོད་ནའང་ནང་རྐྱེན་འཛུགས་སྐྲུན་དེ་ཅུང་རྗེས་ལུས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་སློབ་གླིང་དང་སློབ་གྲྭ་ཆེ་གྲས། དེ་བཞིན་ཆེད་ལས་སློབ་གླིང་བར་དང་འབྲེལ་འདྲིས་དང་སྤེལ་རེས་ཉུང་ཉུང་རེད། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་སློབ་ཁྲིད་བྱེད་ཐབས་དང་། དགེ་རྒན་དོ་དམ། སློབ་ཚན་བཀོད་སྒྲིག་སོགས་ཀྱི་ཐད་བསགས་པའི་ཕུན་སུམ་ཚོགས་པའི་ཉམས་མྱོང་ནི་མཐོ་རིམ་ནང་བསྟན་སློབ་གླིང་གིས་སློབ་སྦྱོང་དང་དཔེར་ལེན་འོས་པ་འདུག ཕྱིན་ཆད་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་དགེ་རྒན་དང་སློབ་ཁྲིད་དོ་དམ། ས་ཡུལ་དངོས་ཀྱི་སློབ་ཁྲིད་སོགས་ཀྱི་ཐད་ནས་མཐོ་རིམ་ནང་བསྟན་སློབ་གླིང་ལ་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
  སྤྱི་ཚོགས་རིང་ལུགས་སློབ་གླིང་གི་འབྲེལ་ཡོད་ཚན་པའི་འགོ་ཁྲིད་ཀྱིས། སློབ་ཁྲིད་དགེ་རྒན་དང་འཆད་ཁྲིད་མཁས་དབང་གྱི་མཚན་ཐོ་བཅས་ནང་བསྟན་སློབ་གླིང་དང་མཉམ་སྤྱོད་བྱེད་རྒྱུ་དང་། ངེད་སློབ་གླིང་གི་ཐུན་མོང་སློབ་ཚན་གྱི་སློབ་ཁྲིད་ལ་རྒྱབ་སྐྱོར་དང་དཔྱད་གཞི་མཁོ་འདོན་བྱེད་རྒྱུ་མ་ཟད། ནང་བསྟན་སློབ་གླིང་གི་དགོས་མཁོ་གཞིར་བཟུང་ས་ཡུལ་དངོས་ཀྱི་སློབ་ཁྲིད་བྱེད་ཡུལ་དང་སློབ་ཁྲིད་དཔྱད་དཔོག་བྱེད་ཐབས་སོགས་ཀྱི་ཐོན་ཁུངས་མཁོ་འདོན་བྱེད་རྒྱུར་འདོད་མོས་ཡོད་སྐོར་དང་། སྔར་ལས་ལྷག་པར་འབྲེལ་བ་དམ་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།
  ད་ཐེངས་ཀྱི་སྤེལ་རེས་སློབ་སྦྱོང་གིས་ཕྱོགས་གཉིས་པོའི་བར་གྱི་མཛའ་མཐུན་སྤེལ་རེས་དང་མཉམ་ལས་ཐད་ལ་འགོ་ལེགས་པོ་ཞིག་བཙུགས་ཡོད་པས། ཕྱིན་ཆད་མུ་མཐུད་ནས་འབྲེལ་འདྲིས་གཏིང་ཟབ་ཏུ་བཏང་ནས་ཕྱོགས་གཉིས་ཀྱི་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།