ནང་བསྟན་སློབ་གླིང་གི་2016ལོའི་སློབ་ཐོན་སློབ་མ་རྣམས་ལྷོ་ནུབ་དང་ཧྭ་ཤར་ས་ཁུལ་དུ་ལྟ་སྐོར་སློབ་སྦྱོང་ཕྱིན།

སྤེལ་དུས། 2016-09-01   

  ལྟ་སྐོར་སློབ་སྦྱོང་ནི་རང་རེའི་སློབ་གླིང་གི་སློབ་ཁྲིད་རིམ་པ་ལྔ་སྟེ་བསླབ་བྱའི་སློབ་ཁྲིད་དང་ཡུལ་དངོས་སློབ་སྦྱོང་། དགོན་པའི་དངོས་སྦྱོང་། གྲྭ་སྐོར་དམ་བཅའ། བལྟ་སྐོར་སློབ་སྦྱོང་བཅས་ཁྲོད་ཀྱི་ཆེས་མཐའ་མཇུག་གི་སློབ་སྦྱོང་རིམ་པ་གལ་ཆེན་ཞིག་ཡིན།
  ད་ལོར་སློབ་གླིང་གིས་རྒྱལ་ཁབ་ཀྱི་གནས་ཚུལ་ངོ་སྤྲོད་དང་ཆོས་ལུགས་རིག་གནས་འབྲེལ་འདྲིས་ལས་དོན་ཟུང་དུ་སྦྲེལ་ཏེ། གསར་བརྗེའི་གནས་ཡུལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་འབུར་དུ་ཐོན་པའི་བལྟ་སྐོར་ལམ་བུ་ཞིག་གསར་དུ་གཏོད་པ་རེད། སྤྱི་ཟླ་3ཚེས་17ནས་27བར། ད་ལོར་མཐར་ཕྱིན་རན་པའི་རང་རེའི་སློབ་གླིང་གི་སྐབས་བཅུ་གཉིས་པའི་མཐོ་རམས་པའི་འཛིན་གྲྭའི་སློབ་མ་རྣམས་ཁྲུང་ཆིན་གྲོང་ཁྱེར་དང་ཀུའེ་ཀྲོའུ་ཞིང་ཆེན། ཧུའུ་པེའི་ཞིང་ཆེན་བཅས་དང་། སྐབས་བརྒྱད་པའི་འབྲིང་རམས་པའི་འཛིན་གྲྭའི་སློབ་མ་རྣམས་ཀྲེ་ཅང་ཞིང་ཆེན་དང་ཅང་སུའུ་ཞིང་ཆེན། ཧྲང་ཧེ་གྲོང་ཁྱེར་བཅས་སུ་བལྟ་སྐོར་སློབ་སྦྱོང་ལ་ཕྱིན་ཏེ་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་པ་མ་ཟད་སློབ་མ་རྣམས་ལ་སྤྲོ་བ་ཟད་མི་ཤེས་པ་འཕེལ།
  གཅིག ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་སྔར་ལས་ལྷག་པའི་ངེས་ཤེས་འདྲོངས་བ།

  སྔ་ཕྱིར་ཧུའུ་པེའི་ཞིང་ཆེན་ཁོངས་ཀྱི་དམག་སྤྱི་དབྱེ་ཐན་གྱི་རྗེས་དྲན་ཁང་དང་། ཀུའེ་ཀྲོའུ་ཞིང་ཆེན་གྱི་ཙུན་དབྱི་གྲོས་ཚོགས་ཀྱི་གནས་རྙིང་། ཧྲང་ཧེའི་གྲོང་ཁྱེར་དུ་ཡོད་པའི་ཀྲུང་གུང་ཚོགས་ཆེན་དང་པོའི་ཚོགས་གནས་སོགས་སུ་བལྟ་སྐོར་དང་འགྲེལ་བཤད། དངོས་བཤུས་གློག་བརྙན་ལ་བལྟ་བ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། རི་འགོག་དམག་འཁྲུག་དང་བཅིངས་བཀྲོལ་དམག་འཁྲུག་གི་སྐབས་སུ་བྱུང་བའི་ཀྲུང་གོའི་གུང་ཁྲན་ཏང་གི་ཕུལ་དུ་བྱུང་བའི་ལོ་རྒྱུས་མི་སྣ་དང་ལོ་རྒྱུས་ཀྱི་དོན་ཆེན་ལ་སློབ་སྦྱོང་བྱས།

  གཉིས། ཚན་རྩལ་འཕེལ་རྒྱལ་གྱི་གྲུབ་འབྲས་ལ་མྱོང་བ་གསར་པ་བྱུང་བ།
  འཛམ་གླིང་ན་མིང་དུ་གྲགས་པའི་འབྲི་ཆུའི་འགག་གསུམ་གྱི་ཆུ་གློག་རགས་ཆེན་དང་ཀའེ་ཀྲུའུ་ཆུ་རགས་སོགས་སུ། སློབ་མ་རྣམས་གྲུ་གཟིངས་ཆེན་པོར་བསྡད་དེ་འབྲུ་ཆུའི་འགག་སྒོ་དངོས་སུ་བརྒྱུད་ཅིང་། འགག་གསུམ་ཆུ་གློག་རགས་ཆེན་གྱི་བཟོ་བསྐྲུན་དཔེ་དབྱིབས་ཁང་དུ་རགས་ཆེན་གྱི་གྲུབ་ཚུལ་དང་འགག་སྒོའི་འཁོར་སྐྱོད་བྱེད་ཚུལ་ལ་དངོས་སུ་རྒྱུས་བླངས་པ་དང་། དེང་རབས་ཀྱི་ཚན་རྩལ་གསར་པས་ཁོང་རྣམ་པར་ཤུགས་རྐྱེན་ཟབ་མོ་བཞག

  གསུམ། མེས་རྒྱལ་གྱི་མཛེས་པའི་རི་ཀླུང་ཉམས་སུ་མྱངས་པ།
  ཐེངས་འདིའི་བལྟ་སྐོར་སློབ་སྦྱོང་གི་ས་གནས་ནི་འཕྲེད་ཐིག་བྱང་མའི་ཏུའུ་སུམ་ཅུའི་ཡས་མས་ཀྱི་བྲག་ཞུན་ས་ཁུལ་དུ་གནས་ཤིང་། དེ་བཞིན་རྒྱལ་ཁབ་ཀྱི་རྩ་ཆེའི་རྩི་ཤིང་གི་རིགས་རྒྱུད་སྲུང་འཛིན་ས་ཁུལ་ཀྱང་ཡིན་པ་རེད། འབྲི་ཆུའི་ཞིས་ལིན་འགག་དང་ཨན་ཧྲི་གྲོང་རོང་ཆེན་མོ། ཡུན་ལུང་གས་ཁ། བྲག་ཅའི་རྡོ་ཆེན། ཧྥན་ཅིན་རི་བོ། ཧོང་གོ་ཧྲུའུ་རྦབ་ཆུ་སོགས་ཀྱི་འཛེས་པས། མཚོ་བོད་མཐོ་སྒང་ནས་ཕེབས་པའི་སློབ་མ་རྣམས་ཀྱི་མཐོང་རྒྱ་ཡངས་པོར་ཕྱེས་ཤིང་། ལྷོད་ཡངས་ཀྱི་ཁྲོད་དུ་མེས་རྒྱལ་གྱི་རི་ཆུ་ལ་བཅངས་པའི་དུང་པ་བསྐྱེད།

  བཞི། མི་རིགས་མཐུན་སྒྲིལ་ལ་ཚོར་བ་གསར་བ་བྱུང་བ།
  ཨན་ཧྲི་ཐུའུ་ཅ་རིགས་མིའོ་རིགས་རང་སྐྱོང་ཁུལ་གྱི་ཨན་ཧྲི་དཔོན་པོའི་མཁར་རྙིང་དང་འཛམ་གླིང་རིག་གནས་ཤུལ་བཞག་ཐང་ཡཱ་དཔོན་པོའི་མཁར་རྙིང་སོགས་སུ་ཕྱིན་ཏེ། ཡུལ་དཔོན་ལམ་ལུགས་ཀྱི་བྱུང་འཕེལ་དང་དེ་གའི་དམངས་སྲོལ་ལ་རྒྱུས་བླངས། ཧུའུ་པེའི་ཞན་ཧྥན་དུ་ཆའང་རིགས་ཀྱི་ཇ་ལོ་ལས་སྣོན་ཁང་དུ་ཇ་ལོ་ལས་སྣོན་གོ་རིམ་ཆ་ཚང་ལ་བལྟས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཇ་ཁང་དེར་ཕེབས་པའི་འདྲ་དཔར་གྱི་མདུན་དུ་མཉམ་པར་བླངས་ཏེ་དྲན་རྟེན་དུ་བཞག་པ་རེད། གྲོང་ཁྱེར་ཁྲུང་ཆིན་དང་ཀུའེ་ཀྲོའུ་ཞིང་ཆེན་དུ། དེ་གའི་པའེ་རིགས་དང་ཡའོ་རིགས། ཏུང་རིགས། པུའུ་དབྱི་རིགས། ཀེ་ལའོ་རིགས་སོགས་ཀྱིས་མཚོན་པའི་གྲངས་ཉུང་མི་རིགས་ཁག་ལ་འབྲེལ་འདྲིས་བྱས་ཤིང་། ཕན་ཚུན་བར་ཆ་རྒྱུས་ཆེ་རུ་ཕྱིན་ཅིང་ཕན་འབྲས་ཆེན་པོ་ཐོབ།

  ལྔ། ཆོས་ལུགས་འཆམ་མཐུན་འཕེལ་རྒྱས་ཐད་ལྟ་ཚུལ་གསར་བ་ཆགས་པ།
  ཀུའེ་ཀྲོའུ་ཞིང་ཆེན་གྱི་རྒྱལ་བ་བྱམས་པའི་གནས་རི་ཧྥན་ཅིན་རི་བོར། མཐོ་རམས་འཛིན་གྲྭའི་སློབ་མ་རྣམས་ཀྱིས་དེ་གའི་དགེ་འདུན་པ་དང་བགྲོ་གླེང་བྱས་ཤིང་དགོན་པའི་དཀར་ཟས་ལོངས་སུ་སྤྱད། འབྲིང་རམས་འཛིན་གྲྭའི་སློབ་མ་རྣམས་རི་བོ་པོ་ཏ་ལ་དང་ཧྲང་ཧའེ་ཡུས་ཧྥོ་དགོན། ཝུའུ་ཤིའི་སྟོན་པའི་སྐུ་བོ་ཆེ་སོགས་དགོན་པ་བཅུ་ཕྲག་ལྷག་ལ་བསྐྱོད་དེ། རྒྱ་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཆོ་ག་དང་དགོན་པའི་འཚོ་སྟངས་སོགས་ཀྱི་ཐད་ནས་བགྲོ་གླེང་བྱས་པ་མ་ཟད། ཧང་ཀྲོའུ་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་ལ་སྐུལ་བའི་ཤིས་ཚིག་སྦྱར་ཅིང་། ཕན་ཚུན་ལ་ལེགས་སྐྱེས་ཕུལ།

  མཐོ་རམས་འཛིན་གྲྭའི་སློབ་མ་རྣམས་ད་དུང་ཙུན་དབྱི་དབྱི་སི་ལན་ཆོས་ལུགས་ལྷན་ཚོགས་སུ་ཕེབས་ཏེ་བགྲོ་གླེང་བྱས། དཔེ་ཁྲིད་དགེ་རྒན་གཡུང་དྲུང་གཙུག་ཕུད་ལགས་ཀྱིས། ཐེངས་འདིའི་བལྟ་སྐོར་སློབ་སྦྱོང་བརྒྱུད་དེ། རྒྱ་བརྒྱུད་ནང་བསྟན་དང་དབྱི་སི་ལན་ཆོས་ལུགས་སོགས་ཆོས་རྒྱུད་དང་ཆོས་ལུགས་མི་གཅིག་པའི་བར་ཕན་ཚུན་རྒྱུས་བླངས་ཤིང་། དབྱི་སི་ལན་ཆོས་ལུགས་སྐོར་ཀྱི་འཁྲུལ་ཤེས་སེལ་ཐུབ་པ་བྱུང་། འདི་ལྟའི་འབྲེལ་འདྲིས་ནི་གལ་ཆེ་ཞིང་དགོས་ངེས་པ་ཞིག་རེད་གསུང་།
  ལྟ་སྐོར་སློབ་སྦྱོང་ལེགས་གྲུབ་ཡོང་ཆེད་དུ། བལྟ་སྐོར་སློབ་སྦྱོང་ལ་སྐྱོད་ཡུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་རྩ་བའི་གནས་ཚུལ་དང་ཡུལ་གྲུ་གཙོ་གྲས་ཀྱི་ངོ་སྤྲོད་པར་དང་བཅས་པ་བཟོས་ཏེ། རྒྱ་བོད་སྐད་གཉིས་ཤན་སྦྱར་གྱི་《མཐར་ཕྱིན་ལྟ་སྐོར་གྱི་གནས་ཡུལ་ཁག་གི་ངོ་སྤྲོད་ལག་དེབ་》དཔར་ཏེ་སློབ་མ་རེ་རེར་བཀྲམ་པ་མ་ཟད། རྒྱ་བོད་སྐད་གཉིས་ལ་བྱང་ཆ་ལྡན་པའི་ལས་བཟོ་བ་མངགས་ཏེ་ཡུལ་དངོས་ནས་སྐད་བསྒྱུར་གྱི་ལས་འགན་ཁུར། ས་གནས་སོ་སོའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་ཀྱི་སྡེ་ཁག་སོ་སོས་མཐོང་ཆེན་དང་རྒྱབ་སྐྱོར་གནང་སྟེ། ཐེངས་འདིའི་ལྟ་སྐོར་སློབ་སྦྱོང་ལེགས་གྲུབ་བྱུང་བར་མཐུན་རྐྱེན་ཆེན་པོ་སྦྱར།