ཞིས་ཅིན་ཕིང་གིས་པཎ་ཆེན་རིན་པོ་ཆེའི་མཇལ་ཞུ་དང་ལེན་གནང་བ།

སྤེལ་དུས། 2016-09-01   

  2015ལོའི་ཟླ་6ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་མཇལ་ཞུ་དང་ལེན་གནང་བ་རེད། ཞིས་ཅིན་ཕིང་གིས་ཁོང་ལ་སློབ་ལ་འབད་བརྩོན་དང་། ཧུར་བརྩོན་ཆེན་པོས་ཐོས་བསམ་སྒོམ་གསུམ་གནང་སྟེ། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་དགོངས་འདུན་དང་ནང་ཆོས་ཀྱི་འགྲོ་དྲུག་སེམས་ཅན་འདྲ་མཉམ་དང་། སྙིང་རྗེ་ཆེན་པོའི་འདུ་ཤེས་གཞིར་བཟུང་ནས། བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས། འབད་བརྩོན་ཆེན་པོས་ནང་རིག་གི་མཁྱེན་རྒྱ་ཡངས་པ་དང་སེར་སྐྱ་མང་ཚོགས་ཀྱིས་དགའ་གུས་ཆེན་པོ་ཞུ་བའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཞིག་ཆགས་པ་བྱེད་དགོས་པའི་སྐུལ་ལྕགས་གནང་བ་རེད།
  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་མཇལ་ཞུ་དང་ལེན་ལ་ཕེབས་རོགས་ཞུས་ཡོད་པ་རེད།
  པཎ་ཆེན་རིན་པོ་ཆེས་ཞིས་ཅིན་ཕིང་ལ་མཇལ་དར་ཕུལ་བ་མ་ཟད། ཁོང་ཁྲི་འདོན་ཞུས་ནས་ལོ་ངོ་ཉི་ཤུ་སོང་རིང་གི་གནས་ཚུལ་ངོ་སྤྲོད་ཞུས་པ་དང་། ཞིས་ཅིན་ཕིང་གིས་ཁོང་གི་ཕྱོགས་གང་ཅིའི་ཐད་ཡར་རྒྱས་ཆེན་པོ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད་པ་རེད།
  ཞིས་ཅིན་ཕིང་གིས། ཏང་ཀྲུང་དབྱང་ནས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ལས་ཀར་མཐོང་ཆེན་བྱེད་ཀྱིན་ཡོད། ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་ཆེན་ཡིན་པས། ཏང་ཀྲུང་དབྱང་ནས་སྐུ་ཚབ་ཚོགས་པ་མངགས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་དུས་ཆེན་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་སྤྱི་ལོ་2020ལོར་སླེབས་སྐབས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པའི་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་རེད།
  ཞིས་ཅིན་ཕིང་གིས་པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། མེས་རྒྱལ་སེམས་ལ་འཆང་བ། མང་ཚོགས་ཡིད་ལ་འཇོག་པ། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བྱེད་དགོས་ཅེས་དང་། ཧུར་བརྩོན་ཆེན་པོས་ནང་བསྟན་གྱི་དགོངས་པར་འགྲེལ་པ་བརྒྱབ་ནས།  བོད་བརྒྱུད་ནང་བསྟན་གྱི་སྡིག་སྤོང་དགེ་སྒྲུབ་དང་། འདྲ་མཉམ་བློ་ཡངས། དབུལ་སྐྱོར་རྒུད་སྐྱོབ་སོགས་ཀྱི་དགེ་མཚན་ལྡན་པའི་བསམ་བློ་དར་སྤེལ་གཏོང་དགོས། ཐོས་བསམ་སྒོམ་གསུམ་ལ་འབད་བརྩོན་ཆེན་པོ་གནང་ནས། ཆོས་ལུགས་ཀྱི་ཤེས་བྱ་དང་ཀུན་སྤྱོད་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། མིའི་རིགས་ཀྱི་ཤེས་དཔལ་གྲུབ་འབྲས་མཐའ་དག་དང་དེང་རབས་ཚན་རིག་རིག་གནས་ཀྱི་ཤེས་བྱ་སློབ་སྦྱོང་གནང་ནས། རང་ཉིད་ཀྱི་མིག་རྒྱང་དང་བློ་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ཐུགས་རེ་གནང་བ་རེད། མཇུག་ཏུ་ཞིས་ཅིན་ཕིང་གིས་པཎ་ཆེན་རིན་པོའི་ཤེས་རབ་བསོད་ནམས་འཕེལ་བ་དང་། ཆོས་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུས་གནང་བ་རེད།
  པཎ་ཆེན་རིན་པོ་ཆེས། ངེས་པར་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་མིག་དཔེར་བཟུང་ནས། རྒྱལ་ཁབ་དཔལ་གྱིས་བརྒྱན་ཞིང་འགྲོ་དྲུག་བདེ་ལ་འགོད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བཀའ་སློབ་སེམས་ལ་བརྟན་པོར་བཅངས་ནས། སློབ་སྦྱོང་ལ་འབད་བརྩོན་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་བྱེད་པ་དང་བོད་ཀྱི་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ། ཏང་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།